国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཁོར་བའི་འདམ་གྱི་ཡབ་ཆེན།

བརྩེ་དུང་རྒྱ་མཚོ་བསྲུབས་པའི་ཕམ་ཁ་ཡིས།།

གཞོན་པའི་སྣང་བ་བུ་དང་ཆུང་མས་འཕྲོགས།།

དར་བའི་ལང་ཚོ་ལས་དང་སྐལ་བས་བཅོམ།།

འུ་ཅག་ཕ་རྣམས་ངལ་བ་བརྗོད་མི་ལངས།།

མི་ཚེ་ཧྲིལ་པོ་བུ་དང་བུ་མོའི་དོན།།

ལུས་ཀྱི་ཟུངས་ཟད་ཤ་ཡི་སྟོབས་ཟད་བར།།

དགྲ་ལ་འཐབ་ཅིང་གཉེན་ལ་འཁོན་པ་ཡི།།

དྲིན་ཆེན་ཕ་རྣམས་འོ་བརྒྱལ་ཤིན་ཏུ་ཆེ།།

སོ་སོའི་གནས་སུ་བག་ཕེབས་མི་ཁོམ་པར།།

དཀའ་བ་བརྒྱ་ཕྲག་ངལ་བ་སྟོང་ཕྲག་གིས།།

རང་སྲོག་འབེན་ལ་བཞག་ནས་འགྲོ་དོན་ཡང་།།

བུ་དང་བུ་མོའི་ཆེད་དུ་མ་ཡིན་ནམ།།

སྐུ་ཚེ་སྟོད་སྨད་བར་གསུམ་བཟའ་ཚོའི་དོན།།

ལོ་ཟླའི་སྒལ་ཚིགས་མོད་པོ་སེམས་ཚེགས་དང་།།

འཚོ་བ་ངན་ངོན་ཙམ་གྱིས་ཚེ་བསྐྱལ་བའི།།

ཨ་ཕ་སྲོག་གི་མཁར་རྣམས་དཀའ་དྲགས་སོང་།།

སྐྲ་ཡི་མདངས་ལ་སྐར་མའི་ཟེར་མདའ་ལྷུང་།།

འཛུམ་པའི་ཞལ་ལ་ལས་ཀྱི་གཉེར་མ་བབས།།

དཔྲལ་བའི་མིག་ཟུང་གྲིབ་མའི་ཡོལ་བ་འཐེན།།

འོན་ཀྱང་ཕ་ལོ་ད་དུང་ཡིད་མི་ཆད།།

དཔའ་བོའི་གདོང་ལས་ངར་ཤུགས་ཆེས་མངོན་ཞིང་།།

རུས་པའི་རྐང་ལ་རང་ཚུགས་རབ་བརྟན་པའི།།

བྱམས་བརྩེ་རི་ལས་མཐོ་བའི་ཡབ་ཆེན་རྣམས།།

འཁོར་བའི་གནས་མལ་སྲུང་བའི་སྲུང་མ་ཡིན།།

འཇིགས་མེད་སྤོབས་པའི་ཕྲག་པ་སྲ་ཞིང་བརྟན།།

ངལ་མེད་བརྩོན་པའི་སྙིང་སྟོབས་ཆེ་ཞིང་བཙན།།

ཞུམ་མེད་བུ་ཡི་རྟེན་བཟང་བཞེས་མཛད་པའི།།

བརྗེད་མེད་ཕ་རྣམས་སེམས་ཀྱི་བརྗོད་བྱ་ཡིན།།

ཁྱེད་ཅག་ཡོད་ན་ཕ་ས་ཕ་ཡུལ་དང་།།

དགའ་སྡུག་མོལ་ས་རྟེན་ས་ཁེན་ས་སོགས།།

མདོར་ན་ཨ་ཕ་ཡོད་ན་ཐམས་ཅད་ཡོད།།

བསམ་ན་ཕ་ལོ་མི་ཚེའི་ཕྱེད་ཀ་ཡིན།།

དེར་རྟེན་ཕ་རྣམས་ཀྱི་ནི་སྐུ་བསོད་ལ།།

མི་འདོད་རྐྱེན་ངན་བར་ཆད་མི་འབྱུང་ཞིང་།།

བསམ་པའི་དོན་རྣམས་གེགས་མེད་ཡིད་བཞིན་དུ།།

གྲུབ་ནས་དཀར་ཕྱོགས་ལྷ་ཡིས་སྲུང་བར་སྨོན།།

༼ འོད་འཛིན་མ། ༽