国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་གིས་དམངས་ཁྲོད་སྒྱུ་རྩལ་བཤམ་སྟོན་ཁང་ལ་བརྟེན་ནས་ རིག་གནས་ཡུལ་སྐོར་ཐོན་ལས་དར་སྤེལ་བཏང་།

སི་ཁྲོན་དང་ཡུན་ནན། བོད་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་ཆགས་པའི་འབའ་ཐང་རྫོང་ནི་གནའ་ནས་བཟུང་གནའ་བོའི་ཇ་འདྲེན་བདལ་ལམ་དང་ད་ལྟའི་ཁྲོན་བོད་གཞུང་ལམ་གྱི་འགག་གནས་ཤིག་ཡིན། རྫོང་མཁར་འདིར་སྲོལ་རྒྱུན་དང་དེང་རབས་གི་རིག་གནས་སྣ་མང་བཤམ་སྟོན་བྱ་ཡུལ་ཁྱད་པར་བ་ཞིག་ཡོད་པ་དེ་ནི་འབའ་ཐང་དམངས་ཁྲོད་སྒྱུ་རྩལ་བཤམ་སྟོན་ཁང་རེད། འདི་ནས་རིག་དངོས་རྩ་ཆེན་མང་པོ་བཤམ་སྟོན་བྱས་ཡོད་ཅིང་། ལྷག་པར་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ17གྱི་གཟུགས་མེད་རིག་གནས་བརྒྱུད་འཛིན་པའམ་དམངས་ཁྲོད་སྒྱུ་རྩལ་པ་བརྒྱ་ལྷག་གི་ཐོན་རྫས་གསར་རྙིང་མང་པོ་བཤམས་ནས་ལྟད་མོ་བ་ལ་སྣེ་ལེན་དང་། ཡུལ་ཐོན་ཁྱད་རྫས་འགྲེམ་སྟོན་དང་འགྲེམ་འཚོང་། གཟུགས་མེད་རིག་གནས་ཤུལ་བཞག་མྱོང་རོལ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། ཡུལ་སྡེ་དར་རྒྱས་དང་རིག་གནས་ཡུལ་སྐོར། སྤྱི་པའི་སློབ་གསོ་བཅས་གཞི་གཅིག་ཏུ་སྦྲེལ་ནས་རིག་གནས་ཀྱི་རིན་ཐང་དང་དཔལ་འབྱོར་གྱི་རིན་ཐང་གཉིས་ཀ་མངོན་དུ་གྱུར་ཡོད།།

(ཡེ་ཤེས་དང་འཇམ་དབྱངས་མཁྱེན་རབ་ཀྱིས་བྲིས་ཤིང་པར་བླངས།)