国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






“འཛམ་གླིང་རིམ་པའི”ལས་གྲྭ་འཛུགས་ཤུགས་ཆེ་རུ་བཏང་།

ལྷག་བ་ཆུ་ཤུགས་གློག་ཁང་གི་རགས་ཆེན་གྱི་ངོས་པང་བླུགས་ བཟོ་དུས་ཐེངས་གཉིས་པ་བསྐྲུན་ཚར་ཡོད།

ཉེ་ཆར། ཁྲོན་བོད་འབྲེལ་མཚམས་ཀྱི་འབྲི་ཆུའི་ལུང་གཞུང་དུ་གནས་པའི་འཛམ་གླིང་གི་ཨར་འདམ་ངོས་ལེབ་རྡོ་རགས་གློག་ཁང་མཐོ་ཤོས་ཏེ་ལྷག་བ་ཆུ་ཤུགས་གློག་ཁང་གི་རགས་ཆེན་གྱི་ངོས་པང་བླུགས་བཟོ་དུས་ཐེངས་གཉིས་པ་བསྐྲུན་ཚར་བ་རེད། གཟར་ཚད་སྨི95དང་ཏུའུ34.5ལ་ཟིན་པའི་མཐོ་གཟར་ངོས་སུ་འཛུགས་སྐྲུན་པ་ཚོས་ཆུ་རགས་ལ་དམིགས་བསལ་གྱི་ཨར་འདམ་སིམ་འགོག་རིམ་པ་ཞིག་བརྒྱབ་ཡོད། ངོས་པང་བླུགས་བཟོ་དུས་ཐེངས་གཉིས་པ་བསྐྲུན་ཚར་བ་ལས་རགས་ཆེན་གྱི་སྤྱི་ཁོག་ཨར་ལས་དུས་མཇུག་ཏུ་སླེབས་པ་མཚོན་ཐུབ།

འདི་ནི་འཛམ་གླིང་གི་མཐོ་གྲང་དང་ས་བབ་མཐོ་བའི་ཆུ་གློག་ལས་གྲྭའི་ཁྲོད་མཐོང་དཀོན་པའི་ཨར་ལས་ཀྱི་དཀའ་གནད་ཅིག་རེད། རིང་ཚད་ལ་སྨི187ཡོད་པའི་ངོས་པང་དེ་གཟར་ཚད་ཏུའུ34.5ཡོད་པའི་གཟར་ངོས་སུ་གཞི་གཅིག་ཏུ་བླུགས་བཟོ་བྱ་རྒྱུ་ནི་མ་གཞི་ནས་ཧ་ཅང་ཁག་པོ་ཡོད་པ་དང་། འབྲི་ཆུའི་ལུང་གཞུང་དུ་རླུང་ཆེན་རིམ་པ9རྒྱུན་དུ་ལྡང་ནས་ཨར་འདམ་གསར་པའི་ཕྱི་ངོས་མགྱོགས་པོར་སྐམ་པས་སེར་ཁ་གས་པའི་ཉེན་ཁ་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་ཡོད། ལས་ཚན་ཚོགས་པས་སྣེ་གསུམ་གས་སྲུང་མ་ལག་བཙུགས་ཤིང་ཕྱོགས་མང་དྲོད་འཛིན་བྱེད་ཐབས་སྤྱད་དེ་ངོས་པང་སྲུབས་མེད་ཀྱི་དམིགས་འབེན་གྲུབ་ཏུ་བཅུག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷག་བ་ཆུ་ཤུགས་གློག་ཁང་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ནུས་རྒྱུ་གཙང་མའི་ལས་གྲྭ་གཙོ་བོ་ཞིག་ཡིན་པ་དང་། སྤྱིའི་འཕྲུལ་འདོན་གློག་སྟོང་ཝད་ཁྲི200ཡིན། འཁོར་སྐྱོད་ཐུབ་རྗེས་གློག་ནུས་གཙང་མ་རྒྱལ་ཡོངས་ཀྱི་མཐོ་སྒང་བོད་འབྲེལ་ས་ཁུལ་གྱི་མཐོ་གནོན་ཐད་རྒྱུག་བགྲོད་ལམ་ཐོག་མ་བརྒྱུད་དེ་ཧྭ་དབུས་ས་ཁུལ་དུ་ཐད་ཀར་འདྲེན་ཆོག་ཅིང་། ལོ་རེར་ཆ་སྙོམས་ཁྱིམ་ཚང་ཁྲི471གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་དང་། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི277གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི741བསྙུངས་ནས་ཁྲོན་བོད་མཐོ་སྒང་དང་ཧྭ་དབུས་དབུས་རྒྱུད་བར་ནུས་ཁུངས་གཙང་མས་བསྐུལ་བའི་སྐྱེ་ཁམས་དང་དཔལ་འབྱོར་ཁྱམས་ལམ་ཞིག་བསྐྲུན་ཐུབ་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)