སྤྱི་ཟླ6པའི་ཚེས17ཉིན། གསར་འགོད་པས་སི་ཁྲོན་ལམ་བཟོ་ཚོགས་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭའི་ཕུག་ལམ་ལམ་ཐག་སྨི45000ཕུག་ཐུབ་ཡོད་ཅིང་། དེ་ལས་ཁྲོན་བོད་མཐོ་སྒང་བརྒྱུད་པའི་མཁའ་ལམ་འཛུགས་སྐྲུན་འགག་སྒྲོལ་གྱི་དུས་རིམ་དུ་སླེབས་པ་མཚོན་ཐུབ།
དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་སྤྱི་ལེ78.5ཡོད་ཅིང་། དར་མདོ་གཉའ་ལུང་འགོ་ནས་འགོ་བཙུགས་ཤིང་། རྒྱལ་ལམ4218གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས་དང་མཐུད་པ་དང་། རྒྱུ་ལ་བརྒྱུད་དེ་ར་རྔ་ཁ་གྲོང་རྡལ་ཤར་མགོ་ལོག་ཐང་གྲོང་སྡེ་གསུམ་པར་མཇུག་རྫོགས་ཡོད། མ་དངུལ་སྒོར་དུང་ཕྱུར170.27བཏང་ཡོད་ཅིང་། འབྲེལ་མཐུད་ཅན་གྱི་ལངས་ཟམ4དང་ལེ་ལག་ཟམ་པ22དང་། ཕུག་ལམ8བཅས་བཙུགས་ཡོད། ཨར་ལས་ཀྱི་རྙོག་དྲ་ཚད་དང་ལག་རྩལ་གྱི་དཀའ་ཚད་ནི་ཞིང་ཆེན་ཡོངས་དང་ལྷག་པར་རྒྱལ་ཡོངས་མཐོ་སྒང་ཕུག་ལམ་འཛུགས་སྐྲུན་ཁྱབ་ཁོངས་སུ་ཡང་དཔེ་མཚོན་རང་བཞིན་ཧ་ཅང་ཆེན་པོ་ཡོད། འཛུགས་སྐྲུན་པ་ཚོས་མཚོ་འཕགས་མཐོ་ཞིང་ཁོར་ཡུག་གྲང་ངར་ཆེ་བ་དང་། ས་གཤིས་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བ། བྲག་རིའི་གནོད་སྐྱོན་ཆེ་བ། ཨར་ལས་པའི་ལུས་སེམས་བདེ་ཐང་འགན་སྲུང་དཀའ་བ་སོགས་ཀྱི་དཀའ་ངལ་ཐབས་བརྒྱ་ཇུས་སྟོང་གིས་བསལ་ཡོད།
ད་ལྟའི་བར། ཕུག་ལམ་གྱི་བརྒྱ་ཆ50ཕུག་ཚར་བ་དང་། ལམ་གདན་གྱི་ས་རྡོ་ཨར་ལས་བརྒྱ་ཆ51དང་། ཟམ་དུང་ཨར་ལས་བརྒྱ་ཆ54ལས་ཚར་ཡོད། ལས་གྲྭ་དེ་སི་ཁྲོན་ལམ་བཟོ་ཚོགས་པས་སྐྲུན་འགན་ཁུར་བ་དང་། 2028ལོར་བསྐྲུན་ཚར་རེ་ཡོད། ཕུག་ལམ་ཕུག་ཚར་རྗེས། ཁྲེང་ཏུའུ་ནས་གཡག་རྔ་དང་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ནས། ཁྲེང་ཏུའུ་ནས་དར་མདོ། དེ་ནས་ར་རྔ་ཁ་བཅས་ཀྱི་མགྱོགས་ལམ་ཆེན་པོ་ཞིག་ཆགས་ཐུབ་ཅིང་། རྒྱལ་ལམ318པ་རྒྱུ་ལའི་ལམ་མཚམས་སུ་ལོ་ཕྱེད་གངས་འཁྱག་གིས་གཡོགས་པ་དང་ལོ་ལྟར་རླངས་འཁོར་འགག་འཚང་གི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་ནས། དར་མདོ་ནས་ར་རྔ་ཁ་བར་འགྲོ་སྐྱོད་དུས་ཚོད2ནས1གི་བར་དུ་བསྟུངས་ཐུབ་ཀྱིན་རེད།།
( ཐུབ་ཀྱིས་བསྒྱུར།)
