国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་རོང་མ་དགེ་ལུག་གིས་ཡུལ་སྡེ་དམངས་ཕྱུག་ འཕེལ་རྒྱས་ལ་རོགས་འདེགས་བྱས།

10628_02B_20260624སྡེ་རོང་མ་དགེ་ལུག།

དབྱར་ཁའི་སྡེ་རོང་ཚེའུ་ཡུལ་ཤོག་གནམ་མདའ་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མ་དགེ་ལུག་གསོ་སྤེལ་རྟེན་གཞིར་མི་ཁོམ་མི་ལྕོགས་ཀྱི་རྣམ་པས་ཁེངས་བཞིན་ཡོད། ཚན་རིག་དང་མཐུན་པའི་རྒྱུད་སྤེལ་དང་། སྐྱེ་ཁམས་གསོ་སྤེལ། ཞིང་འབྲེལ་ཡོང་འཕར་བཅས་ཀྱི་འཕེལ་རྒྱས་རྣམ་པ་བརྒྱུད་དེ་ས་གནས་དེ་གའི་མ་དགེ་ལུག་རྩ་ཆེན་གྱི་རྒྱུད་སྤུས་ཐོན་ཁུངས་དེ་ཁྱད་ལྡན་དམངས་ཕྱུག་ཐོན་ལས་སུ་བསྒྱུར་ནས་མཐོ་སྒང་གི་ཡུལ་སྡེ་དར་རྒྱས་ལ་སྦག་མེད་ཀྱི་སྒུལ་ནུས་བསྣན་ཡོད།

མ་དགེ་ལུག་ནི་སྡེ་རོང་སྐམ་ཚའི་ལུང་གཞུང་དུ་མ་གཏོགས་མེད་པའི་སྒོ་ཕྱུགས་རྩ་ཆེན་གྱི་རིགས་རྒྱུད་ཤིག་ཡིན་པར་མ་ཟད། ལོ་བརྒྱ་ཕྲག་ཁ་ཤས་རིང་ས་གནས་དེ་གར་འདུལ་གསོ་བྱས་པ་ཞིག་རེད། ལུག་དེ་ནི་ས་གནས་དེ་གའི་ཐན་པ་དང་སྨུག་ཕྱིའི་འོད་ཟེར་ཆེ་བའི་དམིགས་བསལ་ཅན་གྱི་གནམ་གཤིས་དང་འཚམ་ལ། གཟན་ཆས་རགས་མོ་འཕྲོད་པ་དང་ནད་འགོག་ནུས་པ་ཆེ་བ་སོགས་ཀྱི་དགེ་མཚན་ལྡན། ཤ་སྤུས་ལེགས་པ་དང་། སྣམ་བུ་དང་བོད་གདན་འཐག་པའི་དམངས་སྲོལ་བཟོ་རྩལ་གྱི་རིན་ཐང་ཡང་ལྡན་པ་རེད། 2021ལོར་ཞིང་ལས་ཞིང་སྡེ་པུའུ་ཡི་གསར་དུ་ཤེས་རྟོགས་བྱུང་བའི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཆེ་གྲས་བཅུའི་ནང་བདམས་ཐོན་བྱུང་ནས་རྒྱལ་ཁབ་རིམ་པའི་རྒྱུད་སྤུས་ཐོན་ཁུངས་སྲུང་སྐྱོང་མིང་ཐོར་ཚུད་ཐུབ་པ་དེ་ནི་རང་རྒྱལ་གྱི་མཐོ་སྒང་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་རྒྱུ་མཛོད་ཁྲོད་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་གྱུར་ཡོད།

རྒྱུད་སྤུས་རྩ་ཆེན་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏང་ཆེད། ས་གནས་དེ་གའི་གསོ་སྤེལ་རྟེན་གཞི་ཡིས་ཚན་རིག་ཅན་གྱི་གསོ་སྤེལ་ལ་བརྟེན་ནས་རིམ་རྩིས་བྱས་ན་མ་དགེ་ལུག་ཆིག་སྟོང་ལྷག་ཉོས་ནས་རིགས་རྒྱུད་ཁུངས་འདེད་ཀྱི“ཐེམ་ཐོའི་ཡིག་ཚགས”བཟོས་ཤིང་འཐུས་ཚང་དུ་བཏང་སྟེ། མ་དགེ་ལུག་གི་རིགས་རྒྱུད་ཆ་འཕྲིན་དང་སྐྱེ་འཚར་གྱི་གནས་ཚུལ་ཞིབ་ཚགས་ཐོ་འགོད་བྱས་ནས་ཁྱུ་ཚོགས་སྤུས་ལེགས་གསོ་སྐྱོང་དང་རྒྱུད་སྤེལ་རྒྱ་ཆེར་གཏོང་བའི་ལས་དོན་ལ་སྐུལ་འདེད་བཏང་ཡོད། སྔོན་དཔག་བྱས་ན་ཟླ་བ་ཁ་ཤས་སོང་རྗེས་ཁག་དང་པོའི་ཚད་ལྡན་ཅན་གྱི་ལུག་རྒྱུད་གསོ་སྤེལ་དུས་མཚམས་སུ་སླེབས་པས་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

སྲོལ་རྒྱུན་གྱི་ཁ་ཐོར་གསོ་སྟངས་རགས་པ་དང་ལུག་ཁྱུ་སྐྱེ་ཚུལ་ཡག་པོ་མེད་པ་སོགས་ཀྱི་ཞན་ཆར་དམིགས་ནས་རྟེན་གཞི་ཡིས་ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་སྐྱེ་ཁམས་གསོ་སྤེལ་བྱེད་སྟངས་གསར་གཏོད་བྱས། དགུན་དུས་རྩྭ་གཟན་དཀོན་པའི་སྐབས་སུ་གཟན་ཆག་ཁ་གསབ་བྱེད་པ་དང་། དབྱར་དུས་རྩྭ་ཆུ་འཛོམས་པའི་སྐབས་སུ་ཕྱི་རོལ་དུ་གསོས་ནས་ལུག་གི་གདོད་མའི་སྐྱེ་འཚར་གོམས་གཤིས་དང་འཚམ་པར་བྱས་ཏེ་ལུག་ཁྱུ་གསོན་ཚད་དང་སྤུས་ཚད་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་རྟེན་གཞི་ཡིས་རྒྱུན་རྣམ་ཅན་གྱི་གསོ་སྤེལ་ལག་རྩལ་གསོ་སྦྱོང་བྱས་ནས་རིམས་འགོག་དང་གསོ་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དུ་བཏང་ནས་སྲོལ་རྒྱུན་གསོ་སྤེལ་གྱི་སྐྱོན་ཆ་གསར་བཅོས་མཐར་ཕྱིན་བྱས། གཞན་ཡང་རྟེན་གཞི་ཡིས་སྐྱེ་ཁམས་འཁོར་རྒྱུག་མ་ལག་བཙུགས་ནས་ལུག་ལུད་སྐྱུར་བསྙལ་བྱས་པར་བརྒྱུད་སྐྱེ་ལྡན་ལུད་བཟོས་ཏེ་གཟན་རྩྭ་དང་ས་གནས་དེ་གའི་ཁྱད་ལྡན་རྒུན་འབྲུམ་འདེབས་འཛུགས་ལ་སྤྱད་དེ་རྫས་ལུད་སྤྱོད་ཚད་ཉུང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བ་གཉིས་ཕན་མཉམ་ཁེ་བྱས་པ་རེད།

ཐོན་ལས་འཕེལ་རྒྱས་ཀྱིས་དམངས་འཚོར་རྒྱུན་མཐུད་ངང་ཕན་ཐོགས་པ་དང་། རྟེན་གཞི་ཡིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་མཉམ་སྐུལ་གང་ལེགས་བྱས་ཏེ་གྲོང་ཚོའི་ཐུན་མོང་གི་བེད་མེད་ས་ཆ་བོགས་མར་གཏོང་བ་དང་། ས་གནས་དེ་གའི་ཡུལ་མི་སྔོན་ལ་ལས་ཞུགས་ཐུབ་པ་དང་། གནས་གཏན་འཁེལ་དུ་ཞིང་དུད་ཀྱི་གཟན་རྩྭ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཡུལ་སྡེའི་བེད་མེད་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་ཡུལ་མི་ཚོའི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ་རེད།

རྗེས་མར་ས་གནས་དེ་གས་གསོ་ར་གསར་པ་རྒྱས་སྐྲུན་དང་གསོ་སྤེལ་གཞི་ཁྱོན་ཆེ་རུ་གཏང་ནས“རྟེན་གཞི་ཡིས་ལུ་གུ་མཁོ་འདོན་བྱེད་པ་དང་། ཡུལ་མིས་ཚབ་གསོ་བྱེད་པ། གཅིག་གྱུར་སྒོས་ཚུར་བསྡུ་བྱེད་པ”བཅས་ཀྱི་ཞིང་འབྲེལ་རྣམ་པ་ཁྱབ་གདལ་བཏང་སྟེ་ཐོན་ལས་འབྲེལ་ཐག་སྔར་བས་འཐུས་ཚང་དུ་གཏང་བ་དང་འབབ་འཕར་དམངས་ཕྱུག་ཡོང་བར་ཤུགས་བརྒྱག་རྒྱུ་ཡིན་པ་རེད། ད་ཆར་མ་དགེ་ལུག་གི་ཐོན་ལས་དེ་རྒྱུད་སྤུས་སྲུང་སྐྱོང་དང་། སྐྱེ་ཁམས་གསོ་སྤེལ། ཞིང་འབྲེལ་འབབ་འཕར་བཅས་ཀྱི་འཕེལ་རྒྱས་མ་ལག་འཐུས་ཚང་ཞིག་ཆགས་ཏེ་སྡེ་རོང་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཀྱི་མིང་བྱང་རྒྱུན་མཐུད་ངང་ཁྱབ་གདལ་ཇེ་གྲགས་གཏང་རྒྱུ་དང་། ཤུགས་ཡོད་རྒུས་ས་གནས་དེ་གའི་སྐྱེ་ཁམས་དར་རྒྱས་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་སྤུས་ལེགས་བཅས་སུ་གཏང་རྒྱུ་ཡིན་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)