ལི་ཐང་རྫོང་གིས་ལོ་མང་རིང་ལ་ཚན་ཞིབ་འགག་སྒྲོལ་བྱས་པར་བརྒྱུད་མཚོ་འཕགས་སྨི4000ལ་ཉེ་བའི་ས་ནས་ཤིང་ཏོག་སོས་མ་ཁྲེ་ལི་ཙི་གཞི་ཁྱོན་ཅན་གྱི་ཚོད་འདེབས་ལེགས་གྲུབ་བྱུང་བ་སྟེ། མཐོ་སྒང་གི་ཁྲེ་ལི་ཙི་སྤྱི་རྒྱ2500ལྷག་ཁག་བགོས་ནས་ཁྲོམ་རར་བཙོང་ཉེར་ཡོད་པ་རེད།
ལི་ཐང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་ལ་གནས་ཤིང་། མཁའ་དབུགས་གཙང་བ་དང་ས་རྒྱུར་སྦགས་བཙོག་མེད་པ་བཅས་ཐུན་མིན་གྱི་སྐྱེ་ཁམས་ཁོར་ཡུག་གིས་ཁྲེ་ལི་ཙིའི་འབྲས་ཤ་འཇམ་ལ་ཁུ་བ་མང་བ་དང་། མངར་ཆ་ཆེ་ཞིང་བྲོ་བ་ཞིམ་པ་སོགས་ཀྱི་ཁྱད་ཆོས་ལྡན།
དེ་བས་ལེགས་པ་ཞིག་ལ་ས་བབ་མཐོ་བའི་གནམ་གཤིས་ཀྱིས་ཤིང་ཏོག་སྨིན་པའི་དུས་ཚོད་དེ་ས་བབ་དམའ་བའི་ཐོན་ཁུལ་གཙོ་བོ་ལས་ཉིན45ནས60བར་འགོར་བས་ཁྲོམ་རའི་སྟོང་ཆ་ཏག་ཏག་གསབ་ཐུབ་པ་དང་། དངོས་པོ་དཀོན་ན་རིན་གོང་ཆེ་བས་ས་གནས་དེ་གའི་ཤིང་ཏོག་སྤུས་ལེགས་དེ་སྤྱི་རྒྱ་རེར་སྒོར180ནས260བར་ཟིན་གྱིན་རེད།
རྟེན་གཞིར་ཚད་ལྡན་ཅན་གྱི་དྲོད་ཁང་གྲལ་དུ་བསྟར་བ་དང་། ད་སྔར་ཚོད་ལྟའི་འདེབས་འཛུགས་རྒྱ་ཁྱོན་མུའུ3དང་། སྤུས་ལེགས་མཐུད་སྦྱོར་བྱས་པའི་འབྲས་ཤིང་སྡོང་རྐང1500ཡོད་ལ། ལོ་གསུམ་རིང་ཚན་རིག་དང་མཐུན་པའི་འདེབས་གསོ་བྱས་པར་བརྒྱུད་གསོན་ཚད་བརྒྱ་ཆ95ཡན་ལ་ཟིན་ཡོད། ད་ལོར་ཤིང་ཏོག་ཐོན་སྐྱེད་ཚོད་ལྟའི་དུས་མཚམས་ལ་སྔོན་དཔག་བྱས་ན་ཐོན་འབོར་སྤྱི་རྒྱ2500ཡན་ལ་ཟིན་རྒྱུ་དང་།མུའུ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི20ལས་བརྒལ་རྒྱུ་རེད།
ལི་ཐང་རྫོང་ཨའོ་ལུང་ཞིང་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་འགན་འཁུར་བ་ཅང་ཞའོ་ལུང་གིས་ད་ཆར་འགྲིམ་འགྲུལ་སྟབས་བདེ་ལ་ལི་ཐང་གི་ས་ཁོངས་ཧྲིལ་པོར་ཡུལ་སྐོར་འཁྲུག་པོ་ཡོད་པས་ང་ཚོས་ཁྱད་ལྡན་འདེབས་འཛུགས་དང་། འཐུ་བའི་མྱོང་རོལ། དྲྭ་ཐོག་ཐད་འཚོང་། ཞིང་ལས་ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་བྱེད་སྟངས་ཤིག་བཟོ་རྩིས་ཡོད་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བརྙན་ཐུང་ཁྱབ་གདལ་དང་དྲྭ་ཐོག་སྔོན་འཚོང་། ས་གནས་དེ་གའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སྦྲེལ་མཐུད། རིག་གནས་ཡུལ་སྐོར་ནང་འདྲེན་སོགས་ཀྱི་བྱ་ཐབས་བརྒྱུད་ཚོང་ལམ་རྒྱ་ཆེར་བཏང་ནས་ལི་ཐང་མཐོ་སྒང་གི་ཤིང་ཏོག་དང་སྔོ་ཚལ་གྱི་སྤུས་རྟགས་གྲགས་ཚད་ཆེ་རུ་གཏང་རྒྱུ་ཡིན་པ་རེད།། ( ནོར་བུས་བསྒྱུར།)
