སྡེ་རོང་རྫོང་གི་ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཐོན་ཁུངས་ལ་བརྟེན་ནས་སྤུན་གསུམ་གྲོང་རྡལ་གྱི་ཆང་སྙོལ་རྒུན་འབྲུམ་དང་རྐེད་ཤོད་བཟའ་བཅའི་རྒུན་འབྲུམ་གྱི་ཁྱད་ཆོས་ཐོན་ལས་ཆེན་པོ་གཉིས་བཏོད། དེ་གཉིས་ཕན་ཚུན་གསབ་རེས་དང་འཕེལ་རྒྱས་མཉམ་བསྐྲུན་བྱས་ཏེ་མཐོ་སྒང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་ཡུལ་སྡེ་དར་རྒྱས་དང་མང་ཚོགས་ཕྱུག་འབྱོར་ཡོང་བར་བསྐུལ་བ་རེད།
2024ལོར་དཀར་མཛེས་ཞི་ཀའོ་རྒུན་འབྲུམ་འདེབས་འཛུགས་ཚད་ཡོད་སྤྱི་གཉེར་ཁང་གིས་སྤུན་གསུམ་གྲོང་རྡལ་ལ་མུའུ1400ལྷག་གི་ཚད་ལྡན་ཆང་སྙོལ་རྒུན་འབྲུམ་རྟེན་གཞི་བཙུགས་ཤིང་། སྣ་མང་སྤུས་ལེགས་ཀྱི་ཆང་སྙོལ་རྒུན་འབྲུམ་ལེགས་འདེམས་བྱས་པར་མ་ཟད། རིག་ནུས་ཞིང་ཆུ་འདྲེན་པ་དང་ཆར་ཆུ་ལྟ་ཞིབ་ཚད་ལེན། ནད་འབུ་འགོག་ཟོན་སོགས་དེང་རབས་ཅན་གྱི་རིག་ནུས་ཞིང་ལས་མ་ལག་ཆ་ཚང་བཙུགས་ནས་སྲོལ་རྒྱུན་གྱི་འདེབས་འཛུགས་དེ་ཚན་རིག་ཅན་དང་ཞིབ་ཕྲ་ཅན་དུ་བསྒྱུར་བ་རེད། ད་ལོ་ཁེ་ལས་ཀྱིས་ཁྱབ་རྒྱ་ཇེ་ཆེར་དང་སྤུས་ཚད་ཇེ་མཐོར་བཏང་སྟེ་ཚེའུ་ཡུལ་ཤོག་གནམ་མདའ་གྲོང་སྡེ་དང་ཁ་གསལ་གྲོང་སྡེར་འཁོར་རྒྱུག་ས་ཞིང་མུའུ519གསར་དུ་བསྣན་པ་དང་། ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་རྒྱས་སྐྲུན་བྱས་ནས་ཆང་སྙོལ་རྒུན་འབྲུམ་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་།
ལས་གཞི་འགོ་བཙུགས་ནས་རྟེན་གཞིར་ལོ་ཧྲིལ་པོར་ལས་ཞུགས་ལས་གནས་བརྟན་པོ12མཁོ་འདོན་བྱས་པ་དང་། རིམ་རྩིས་བྱས་ན་མི་ཐེངས35000ལྷག་བསྡུ་ལེན་བྱས་ཡོད། ས་གནས་དེ་གའི་ཞིང་པའི་ཁྱིམ་ལུད་ཤོ་སྨི9000ལྷག་ཉོས་ཡོད་པ་དང་རིམ་རྩིས་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི500ལྷག་ཡོང་ཡོད། སྒོ་འགྲམ་ནས་ལས་ཞུགས་ཡོང་འབབ་རག་པ་དང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་པ་གཉིས་ཀ་མངོན་འགྱུར་བྱུང་ཡོད།
གནམ་མདའ་གྲོང་སྡེའི་ཡུལ་མི་བསྟན་འཛིན་ཆོས་གྲགས་དང་བུ་ལེགས་སོགས་མང་ཚོགས་ཀྱིས་དུས་ཡུན་རིང་པོར་རྒུན་འབྲུམ་རྟེན་གཞིར་ལས་ཀ་བྱས་ཏེ་ཡོང་འབབ་ལེགས་པོ་བྱུང་བར་མ་ཟད། ད་དུང་ཁེ་ལས་ཀྱི་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་རྒུན་འབྲུམ་འདེབས་འཛུགས་དང་ཡལ་ག་བཟོ་བཅོས། དོ་དམ་སྲུང་སྐྱོང་སོགས་ཆེད་ལས་འདེབས་འཛུགས་ཀྱི་ལག་རྩལ་རྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ་འབྱུང་འགྱུར་རང་གིས་ཀྱང་ཐོན་ལས་འཕེལ་རྒྱས་གཏང་བའི་རྩལ་ནུས་རྨང་གཞི་བརྟན་དུ་བཏང་བ་རེད།
མཚོ་འཕགས་སྨི2450ཡོད་པའི་རྐེད་ཤོད་དཔེ་གཡང་གྲོང་སྡེར་དཀར་མཛེས་ཁུལ་ཚ་ལུང་སྐྱེ་ལྡན་སྐྱེ་ཁམས་ཞིང་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བསྐྲུན་པའི་སྐྱེ་ལྡན་རྒུན་འབྲུམ་ཐོན་ལས་གླིང་གིས་གདོད་མའི་སྐྱེ་ཁམས་སྦག་མེད་འདེབས་འཛུགས་བྱེད་སྟངས་བརྒྱུད་རིམ་ཧྲིལ་པོར་ཁྱབ་གདལ་བཏང་ནས་རྫས་ལུད་མི་རྒྱག་པ་དང་ཞིང་སྨན་མི་རྒྱག་པ། མིས་ཡུར་མ་ཡུར་བ། ཉི་འོད་ནུས་པས་འབུ་གསོད་པ་སོགས་སྦག་མེད་འགོག་ཟོན་ལག་རྩལ་སྤྱད་དེ་མཐོ་སྒང་ཉི་འོད་འཕྲོ་བ་དང་། ཤིང་འབྲས་ཀྱི་དྲི་མ་ཞིམ་པ་བཅས་ཀྱི་རྒུན་འབྲུམ་སྤུས་ལེགས་གསོ་སྐྱོང་བྱས་ཡོད། ཐོན་ལས་གླིང་སྐོར་སྐྱོད་གྲོང་སྡེའི་ནང་གི་ས་ཞིང་མུའུ100ཡོད་པ་དང་ལོ་ལྟར་མུའུ་རེར་སྒོར2000གི་ཚད་གཞིའི་ཐོག་ནས་མང་ཚོགས་ལ་ས་ཞིང་གི་ཡོང་འབབ་བརྟན་པོ་ཡོང་བ་བྱས་ཏེ། ལོ་འཁོར་ལྟར་དུད་ཚང40ལྷག་ལས་ཞུགས་ཐུབ་པ་དང་ཉིན་རེའི་ཆ་སྙོམས་ཡོང་འབབ་སྒོར120ལ་ཟིན། 2023ལོ་ནས2025ལོའི་བར་རིམ་རྩིས་བྱས་ན་ཡུལ་མིའི་འབབ་འཕར་སྒོར་ཁྲི200ལ་ཟིན་ཡོད།
ད་སྔའི་བར་རྫོང་ཡོངས་ཀྱི་རྒུན་འབྲུམ་འདེབས་འཛུགས་སྤྱིའི་རྒྱ་ཁྱོན་མུའུ7242ལ་ཟིན་པ་དང་དུད་ཚང911རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ནང་ལས་ཞུགས་ཆོག་པ་དང་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི1.5བྱུང་ཡོད།
མཐོ་སྒང་རྒུན་འབྲུམ་དེ་སྡེ་རོང་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་དང་དཔལ་འབྱོར་སྟོབས་ཆེར། ཡུལ་སྡེ་དར་རྒྱས་བཅས་ལ་རམ་འདེགས་བྱེད་པའི་ཐོན་ལས་གཙོ་བོར་གྱུར་ཡོད།རྗེས་མར་སྡེ་རོང་རྫོང་གིས་རྒུན་འབྲུམ་ཐོན་ལས་ཀྱི་ཁྱབ་རྒྱ་དང་སྤུས་ཚད། ཕན་འབྲས། ནུས་པ་སོགས་ཇེ་ཆེ་བཏང་ནས་ཡུལ་སྡེ་དར་རྒྱས་གཏང་བའི་ཐབས་ལམ་དང་མང་ཚོགས་མཉམ་ཕྱུག་གི་ལམ་བུ་གསར་པ་བསྐྱོད་རྒྱུ་རེད།།
( ཡེ་ཤེས་ཀྱིས་བྲིས། )
