国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚེ་ཡི་སྐྱོ་གླུ།

སྣང་བ་དལ་བུ་སྒྱུ་མའི་འགྲོས་ལ་གོམ།།

ན་ཚོད་གཅིག་ལ་རང་སེམས་བག་མེད་གྱུར།།

འཚོ་བའི་སྙིང་པོ་མི་རྟག་གློག་གིས་འཁྱུད།།

ཕལ་བའི་ལས་སྐལ་སྐྱོ་བའི་ངང་ཚུལ་འདི།།

ནམ་ཞིག་དུས་ལས་རང་སངས་གྱུར་པ་ནི།།

མཐའ་མེད་གླིང་ནས་སྣང་བ་རབ་རིབ་ཡིན།།

སྟོང་བསམ་རིང་མོ་ཚོར་བྱུང་རྨི་ལམ་བཞིན།།

སྙིང་དུ་སྡུག་ཀྱང་སྐད་ཅིག་གཅིག་ལ་བཞུད།།

སྐྱོ་ཤས་འཐེན་པའི་འཁོར་བའི་མགུར་མ་ལ།།

སྣ་ཚོགས་ལས་ཀྱང་ཡིད་འོང་ཡེ་ནས་ཟད།།

སྣང་བ་མི་འདྲ་དགུང་གི་སྐར་ཚོགས་ཀྱང་།།

ཐོལ་བྱུང་འཆར་ཡན་ཅི་ཡི་ལས་ལ་དབང་།།

སྒྱུ་མའི་ཆོ་འཕྲུལ་འཚོ་བའི་འཇིག་རྟེན་ཏེ།།

ལོ་ཟླར་བརྩེགས་ཀྱང་སྙིང་པོ་བྲལ་བ་ནས།།

སྐྱོ་སྣང་ཚོར་བས་གློ་སྙིང་འགུལ་བ་འདིར།།

སྲིད་པའི་ཉམས་ལ་བདེ་བ་མཐའ་ཡོད་དེ།།

ཚེ་ཡི་མདངས་ལས་སྙིང་པོ་མ་ཚོར་བས།།

མགུར་གླུ་ཁྲོད་ནས་སེམས་པ་སྐྱོ་བས་རུམ།།

མི་རྟག་འགྲོས་སུ་རྒྱང་རིང་རྨི་ལམ་ཉར།།

ཁ་དོག་གཅིག་གི་རྨི་ལམ་མཐའ་མེད་ཅིང་།།

དྲན་སྣང་སྟོང་བས་ཡུན་རིང་ཁྲིད་ཀྱང་རུང་།།

རྨད་བྱུང་བྲལ་བའི་གདུང་བའི་སྨྲེང་བ་ནི།།

སྐྱོ་བའི་གླུ་ལ་རམ་འདེགས་བྱེད་པ་ཡང་།།

ཚིག་ཕྲེང་ཀློང་ནས་མཇལ་རྒྱུ་བྱུང་བ་ལ།།

ཡིད་འགྱུ་ནང་གི་ཚོར་ཤེས་མྱུར་མོར་བཞུད།།

ཚོར་རླབས་ངོས་སུ་སྣང་ཚུལ་མི་འདྲ་ཚོགས།།

དྲན་སྣང་ཕྲན་བུ་ལས་ཀྱིས་གང་སར་ཁྱེར།།

འདུ་ཡང་འབྲལ་བ་སྙིང་པོ་ཟད་མཐའ་ལ།།

སེམས་པ་སྐྱོ་བའི་མགུར་མ་ག་ཚོད་ཀྱང་།།

སྙིང་པོ་བྲལ་བས་ཚེ་ཡི་སྐྱོ་མགུར་འཐེན།།

༼ ཁམས་འོད་གསལ། ༽