国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་འཁོར་ཕྱོགས།

སྐབས་འགར་དགའ་སྤྲོ་སྟོང་གིས་ཁེངས་ན་ཡང་།།

ལན་རེར་སྐྱོ་གདུང་ཁ་བས་སེམས་པ་བརླན།།

དགའ་སྐྱོ་ལས་ཀྱི་ལམ་ཁ་དོགས་ཀྱང་རུང་།།

གང་ལྟར་སྐྱེ་བ་འདི་ཡི་ལས་དབང་རེད།།

རི་སྒང་འཇའ་ཚོན་བསྟར་བའི་སྣང་བ་ཞིག།

མ་བཅོས་ཚིག་གི་འཕྲེད་ལ་མྱུར་བཤམས་ནས།།

རྒྱང་རིང་ཁྱོད་ཀྱི་དྲུང་དུ་འཕྲིན་ཞིག་སྐུར།།

འཕྲིན་དེར་གསང་བའི་སྒོ་ནས་ཨེ་འབྱོར་ལགས།།

ཐོས་བསམ་སྒོམ་པའི་ལས་སུ་ཞུགས་ན་ཡང་།།

སེམས་འདི་སྲབ་མེད་འདོ་རིག་རྟ་ཕོ་བཞིན།།

རི་ལུང་ཐང་གསུམ་བརྒལ་ཏེ་རྒྱུག་དོན་ནི།།

ཁྱོད་དང་འཕྲད་པའི་སྣང་བས་དེད་དང་འདྲ།།

རེ་བའི་དབྱངས་གསལ་དབུས་སུ་ཁྱོད་རང་བྲིས།།

བརྩེ་བའི་མགུར་དབྱངས་ནང་དུ་ཁྱོད་རང་བོས།།

བསྡད་དང་འགྲོ་ཞོར་ཁྱད་མེད་བདག་ཡིད་ཀྱང་།།

གཏན་དུ་ཁྱོད་ལ་འཁོར་བ་བཟློག་ཐབས་ཅི།།

ཞེན་ཆགས་སྒྱུ་མའི་སྤང་གི་མེ་ཏོག་དེ།།

འ་འུར་འདུ་འཛིའི་གསེབ་དང་ཕར་ཕྱོགས་ཀྱི།།

རི་སུལ་དབེན་པའི་དགའ་ཚལ་ཡངས་པོ་ནས།།

རྟག་ཏུ་ཡིད་ལ་འཁོར་བ་ལས་དབང་རེད།།

བག་ལྷོད་སྐྱིད་པའི་གྲལ་ནས་ལྷུང་ཡང་ཆོག།

ཟས་གོས་དབེན་པའི་སྤྲང་པོར་འགྱུར་ཡང་རུང་།།

གང་ལྟར་ཚེ་ཡི་དབུགས་རྒྱུན་མ་ཆད་པར།།

ཁྱོད་ཀྱི་འགྲམ་ལ་གཅར་ནས་རྒས་ན་འདོད།།

༼ ཁམས་ཟླ་སྲས། ༽