国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་བའི་མེ་ཏོག།

ཐུན་གསུམ་རྨི་ལམ་ཞིང་དུ་ཕེབས་པའི།།

མ་མཇལ་ཞལ་གྱི་དཀྱིལ་འཁོར་དྲོན་མོ།།

ཡིད་ཀྱི་མཆོད་ཁང་གྲུ་བཞིའི་ཀློང་ནས།།

འཛུམ་ཙམ་འཛུམ་ཙམ་བྱས་པ་དྲན་ནོ།།

འཇིག་རྟེན་ཚལ་གྱི་སྤང་ཐང་ཡངས་མོ།།

བརྩེ་བའི་གྲིབ་མས་འུབ་ཀྱིས་བསྡུས་ན།།

ཚོར་བའི་སྒྲོ་གཤོག་རྒྱང་དུ་བརྐྱངས་ཏེ།།

དགའ་ཙམ་དགའ་ཙམ་བྱས་པ་དྲན་ནོ།།

སྙིང་ཆུང་རྐུན་པོས་དུམ་བུར་གཤགས་ན།།

སེམས་དྲོད་ཉི་མས་འོད་ལས་བཟུང་སྟེ།།

ན་ཆུང་ཐུགས་ཀྱི་མཛའ་མཐུན་སྣང་བ།།

བདེ་ཙམ་བདེ་ཙམ་གནས་པར་དྲན་ནོ།།

སྣ་ཚོགས་གར་གྱིས་བཟི་བའི་ཚོགས་སུ།།

སྨོན་ལམ་གཅིག་གི་འདུན་མ་བཏབ་ཚེ།།

ལས་འཕྲོས་གནང་བའི་དམ་ཚིག་འོ་ཇ།།

དལ་གྱིས་དལ་གྱིས་བཞེངས་པ་དྲན་ནོ།།

ཉི་ཤུའི་ལོ་ཟླའི་མཚམས་ལས་བརྒལ་ན།།

ཚོར་བའི་བདེ་སྡུག་ཐང་ནས་བརྡོལ་ན།།

གཞོན་སེམས་དྭངས་གཙང་རི་མོ་དེ་ནི།།

ཡང་ནས་ཡང་དུ་མཐོང་ཕྱོགས་དྲན་ནོ།།

སྐྱིད་སྡུག་བང་ཁའི་ཁྲོད་ནས་རྙེད་པའི།།

དར་རྒུད་ཐིག་རིས་ངོས་སུ་བཀྲམ་པའི།།

བདེ་སྡུག་ཚོར་བའི་མངར་ཁ་བཞེས་ཏེ།།

སྟབས་ཙམ་སྟབས་ཙམ་བྱུང་བ་དྲན་ནོ།།

མཚར་སྡུག་འཇའ་ལ་རྟག་པ་མེད་མོད།།

མི་རྟག་མདངས་ཀྱིས་གྲུབ་པ་ཤེས་ཀྱང་།།

ལོ་ཆུང་སྣང་བའི་མེ་ཏོག་དཀར་དམར།།

བཞད་ཙམ་བཞད་ཙམ་མྱོང་བ་དྲན་ནོ།།

འཁོར་བའི་གྲུ་ཆེན་ཞུགས་པའི་འོ་སྐོལ།།

ལས་ཉོན་བྲན་ལས་ཐར་བར་མེད་ཕྱིན།།

དྲན་འཕྲུལ་སྒོ་མོས་བཏང་བའི་གླུ་འདི།།

སྣང་བའི་མེ་ཏོག་བཞག་པའི་རྟེན་བྱོས།།

༼ གངས་ཆབ་ལྷ་སྲས། ༽