国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚེར་སའི་རྒྱང་གཞས།

གངས་རིས་མཐའ་བཞི་བསྐོར་བའི་ར་བ་ན།།

ཐང་ཆེན་མཁའ་ལྟར་ཡངས་པའི་ཡར་སྟེང་དུ།།

མེས་པོ་བསོད་ནམས་ཅན་པོའི་བློ་གྲོས་ལས།།

བལྟམས་པའི་སྦྲ་ཁྱིམ་གྲུ་བཞིའི་གཟི་བྱིན་ཡོད།།

སྤང་གཞོངས་ནོར་གྱིས་ཁེངས་པའི་གཙང་འགྲམ་དང་།།

གཡང་ལུག་འབའ་དབྱངས་སྒྲོག་སའི་རི་ཀླུང་དུ།།

དཔའ་མཛངས་ཁོག་ཏུ་རྒྱས་པའི་འབྲོག་ཕྲུག་གི།

ཕ་ཡུལ་འབྲོག་སྡེ་ཕྱུག་མོའི་བྱིན་ཆགས་ཡོད།།

གངས་ཆབ་ལྷུང་ལྷུང་བཞུར་བའི་རི་ཀླུང་དང་།།

མེ་ཏོག་བུང་བ་འགུག་པའི་སྤང་ཐང་དུ།།

ཚོར་འདུ་རྫི་གླུར་འགུག་པའི་འབྲོག་མོ་ཡི།།

གཞིས་ཁྱིམ་བཀྲ་ཤིས་གཡང་གི་ར་བ་ཡོད།།

སྤྲིན་དཀར་ལྷོ་རུ་ཞོགས་པའི་ནམ་མཁའ་ན།།

ཉི་གཞོན་འཛུམ་ཕྲེང་དགོད་པའི་མར་ཤེད་དུ།།

འབྱོར་ཕྱུག་རྣམ་ཐོས་སྲས་པོར་འགྲན་བཟོད་པའི།།

གངས་ལྗོངས་འབྲོག་སྡེ་ཕྱུག་མོའི་མཛེས་སྡུག་ཡོད།།

འོ་མའི་རྒྱ་མཚོ་བསྐྱིལ་བའི་འབྲོག་ས་རུ།།

མར་ཐུད་རླབས་ལྟར་བསྒྲིགས་པའི་སྦྲ་ཁྱིམ་དཀྱིལ།།

འབྲུ་དྲུག་ངག་ནས་ཆད་མེད་ཡབ་ཡུམ་གྱི།།

མཛའ་བརྩེའི་འོ་ཆུ་བསྲེས་པའི་ལོ་ཟླ་ཡོད།།

སྨུག་པའི་དར་རས་འཁྲིལ་བའི་རི་སྐེད་དུ།།

ནོར་ལུག་རྩྭ་ལ་ཡན་པའི་དབྱར་ཁ་ན།།

མི་གཤིས་སྤྲིན་ལས་དཀར་བའི་འབྲོག་པའི་མི།།

གངས་དང་རྫ་རིའི་འདབས་རོལ་འཚོས་ནས་ཡོད།།

ཉི་གཞོན་ཤར་རིའི་ཕྲག་གོང་འཛུམ་པའི་རྗེས།།

དུ་ཞག་ལང་ལོང་འཁྱིལ་བའི་ཞོགས་པ་རེར།།

ནོར་ཁྱུ་རི་ཁར་བཀྲམ་པའི་སྟག་ཤར་གྱི།།

འཛུམ་པའི་དུང་ཕྲེང་སོ་མའི་ལང་ཚོ་ཡོད།།

བཅོ་ལྔའི་ཟླ་བ་འཛུམ་པའི་ནམ་མཁའ་རུ།།

སྐར་མའི་ཕྲ་རྒྱན་བཏབ་པའི་མར་འོག་ན།།

བྲེལ་ཟིང་འདུ་འཛི་དབེན་པའི་འབྲོག་སྡེ་ཡི།།

ཞི་བའི་ལྷིང་འཇགས་འཚོ་བའི་ཉམས་བཟང་ཡོད།།

སྤང་ཁར་མེ་ཏོག་ལྡེམ་པའི་དབྱར་ཁ་ན།།

རི་ཀླུང་ལྗང་ཁུས་བྲན་པའི་འབྲོག་ས་རུ།།

དར་མའི་ལུས་ཀྱི་འཁྲི་ཤིང་སྨིན་པའི་གཞོན།།

ཚེ་ཡི་ཕྱིར་དྲན་ཀློང་གི་གཏམ་རྒྱུད་ཡོད།།

དབྱངས་གསལ་ལྕུག་ཕྲན་སོ་མའི་ཡལ་འདབ་རྩེར།།

སྡེབ་ལེགས་སྙན་པའི་ཚིག་གི་མེ་ཏོག་ཚོམ།།

སོར་རྩེའི་ཉི་མའི་ཟེར་གྱིས་ཁ་དཀྲོལ་ནས།།

གངས་རིའི་གཞོན་པའི་གྲོགས་ཀྱི་སྤྱན་དུ་གཤོམ།།

༼ དབྱངས་ལྡེའུ། ༽