国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙིང་ལ་རྗེ་བོ།

ལྡོག་མེད་ལས་དབང་གིས་གནང་བའི་ཁ་ཡིག།

བསུབ་མེད་བག་ཆགས་ཀྱིས་བྲིས་པའི་ཨ་ཡིག།

ཐར་མེད་འཁོར་འདུས་ཀྱིས་བསླུས་པའི་ང་རང་།།

སྐྱོ་བའི་གཞས་ཆུང་ཞིག་མགུལ་དུ་བཏགས་ཡོད།།

སྒྱུ་མའི་སྣང་བརྙན་གྱིས་བསླུ་བྲིད་བཙན་པོས།།

ཟློས་གར་འཁྲབ་མཁན་གྱི་འགན་འཁྲི་སྤྲད་བྱུང་།།

སེམས་པ་སྙི་མོ་འདིའི་ངོ་གདོང་བསམས་ནས།།

སྐྱོ་བའི་མིང་ཚིག་གིས་ཕོ་བྲང་བཞེངས་ཡོད།།

འདི་སྣང་ཞེན་འཛིན་གྱི་བག་ཆགས་རྒོད་པས།།

འདུ་ཤེས་བྱ་སྤུ་བཞིན་གང་སར་ཕྱོགས་སོང་།།

འདུ་འཛི་འུར་ཟིང་གིས་ལྷིང་འཇགས་དཀྲོགས་པས།།

འདི་རུ་སྐྱོ་གཞས་ཤིག་འབྲི་བར་མོས་སོང་།།

འཁོར་བ་ཟང་ཟིང་གི་རྨི་ལམ་འདྲ་སོང་།།

སྒྱུ་མའི་འཇིག་རྟེན་ནས་འཇིགས་སྐྲག་སྐྱེས་པ།།

རེ་དོགས་མང་པོ་ཡིས་བཅིངས་པའི་ང་རང་།།

སྨྲེང་བའི་གཞས་ཆུང་ཞིག་སེམས་སུ་ཡོད་གདའ།།

ཞེན་འཛིན་མདུད་པ་འདི་ཧ་ཅང་དམ་ཆེ།།

འཕྲལ་གྱི་སྣང་བ་ལ་དགའ་སྐྱོ་མྱུར་ཆེ།།

སེམས་ཚོར་སྣ་མང་གིས་གྲུབ་པའི་ང་རང་།།

སྐྱོ་བའི་རང་གཤིས་ལས་གྲོལ་བར་མི་འདུག །

སྟོང་བསམ་སྟོང་འདང་གི་ར་བའི་ནང་ནས།།

སྟོང་སྐད་བྲག་ཆ་རེར་ཆེས་ཆེར་ཆགས་ཏེ།།

སྟོང་སྣང་རྨི་ལམ་གྱིས་ཡང་ཡང་མནར་བའི།།

འཁོར་བའི་བྲན་གཡོག་ང་སྙིང་ལ་རྗེ་བོ།།

སྨོན་འདུན་མང་པོ་ཞིག་རུམ་དུ་པང་ནས།།

དཀའ་སྡུག་གྲངས་མེད་ཅིག་ལུས་ཀྱིས་ཁུར་ཏེ།།

སྲིད་པའི་ཉིན་སྲིབ་ནས་ཡང་ཡང་འགྲིམས་པའི།།

རྣམ་ཤེས་ཁྱི་ལྡོམ་བཞིན་འཁྱམས་པ་སྙིང་རྗེ།།

དྲང་བདེན་གནས་ལུགས་ཀྱི་སྐད་ཆ་ཉུང་བའི།།

རྨོངས་རྟུལ་རང་རློམ་ཅན་འདི་ཚོ་བཀུར་དགོས།།

གཞན་དབང་ཁོ་ན་ཡིས་དབང་དུ་བསྒྱུར་བའི།།

ཉམ་ཆུང་ལས་དབང་འདི་སྙིང་ལ་རྗེ་སོང་།།

འཁོར་བའི་མི་ཚོགས་ཀྱི་འཛུམ་མདངས་དཀར་ནག །

གནམ་སའི་འཇིག་རྟེན་གྱི་ཆགས་འཇིག་གཉིས་ཀ།།

མྱི་སེམས་ཡང་མོ་དེས་འདེགས་པར་དཀའ་ཡང་།།

སེམས་ཀྱི་ཁུར་པོ་འདི་མི་འཁྱེར་ཐབས་མེད།།

བྲོས་ཐབས་གཏན་ནས་ཀྱང་མེད་པའི་ལས་དབང་།།

བསྒྱུར་ཐབས་ཡེ་ནས་ཀྱང་དཀའ་བའི་ཐོབ་སྐལ།།

སྒྱུ་མའི་འཇིག་རྟེན་ནས་འཚར་ལོངས་བྱུང་ནས།།

འཁོར་བའི་མི་ཚོགས་ཀྱིས་རྡུང་རྡེག་བྱས་སོང་།།

སྡུག་གཏམ་འཕྲུལ་འཁོར་གྱི་འཁོར་ལོ་སྐོར་བཞིན།།

སེམས་པ་རབ་རིབ་འདིའི་ངོས་སུ་ཅེར་ནས།།

འཁོར་བའི་དུག་ཆང་གིས་སྨྱོས་པའི་ང་རང་།།

སྙན་ངག་ཐེད་པོ་དེས་སྐྱོ་རོགས་བྱ་དགོས།།

༼ རྫ་ཤུལ་བློ་བཟང་། ༽