གཡུ་བྱུག་པ་མིན་ནམ། ཡང་ན། ལྷ་ཆེན་པོས་བྱིན་གྱིས་བརླབས། དངོས་གྲུབ་བསྩལ་བ་རེད་དམ། མི་རབས་དུ་མས། ཉིན་མཚན་རེས་མོས་སུ་ཡི་གེར་ཕབ། སྙན་ངག་བརྩམས། སྒྲོག་འགྲེལ་བྱས་ན་ཡང་། རྫོགས་ཚིག་འགོད་མི་ཐུབ། རྫ་ཁྲ་རིལ་གྱི་འགྱིང་ཉམས།
གོ་བོ་མགོའི་ཡི་གེ་རང་བྱུང་། ལའུ་ཐང་གི་གསེག་ཀེར། ར་མགོའི་གེ་སར་སྦྲ་མ། ཤ་བོ་ལུང་གི་ཤུག་དྲི། གེ་སར་རྩྭ་ཐང་གི་གེ་སར་གཏམ་རྒྱུད། འདི་དག་གི་ངོ་མཚར་ཁོ་ན་ཙམ་བགྲང་ན་ཡང་ལོ་ཟླ་ཧྲིལ་པོ་བཅུ་ཕྲག་དགོས་ངེས། ནགས་བྲན། བཀླགས་མི་ཚར་བའི་ཡིག་ཚང་རྙིང་པ། རྔུབ་མི་ཚར་བའི་དབུགས་རྒྱུ་ཕྲ་མོ། བལྟས་མི་ཚར་བའི་འཁྲབ་གཞུང་རིང་མོ། རོལ་མི་ཚར་བའི་བདེ་སྐྱིད་འཚོ་བ། གསེར་མདོག་གི་ཕ་ས། ནགས་བྲན། གསེར་བསྐུས་པ་མིན་ནམ། ཡང་ན་ཤར་བཞག་བྲས་གཏེར་ནས་བཏོན། གཟུངས་སྔགས་བཟླས། བྱ་དགའ་སྟེར་བ་རེད་དམ། མཁས་བླུན་དུ་མས། ཉིན་མཚན་བར་མེད་དུ། རི་ནས་རྨོས། ཆུ་ནས་བྲུས། ཐང་ནས་བཞེངས་ན་ཡང་། ལྟད་མོ་ངོམ་མི་ཚར། གེ་སར་གྱི་ཤུལ། འབྲུག་མོའི་མཚོ། རྟ་ཕོའི་འགྲོས། ནོར་ནག་གི་གཡང་། སྐྱེས་བུའི་གསུང་། གྲུབ་པའི་རྗེས། དཔའ་བོའི་རྟགས།
འདི་དག་གི་ཁྱད་ཆོས་ཁོ་ན་ཙམ་ངོ་སྤྲོད་དགོས་ན་ཡང་ལོ་ཟླ་མང་པོ་འགོར་ངེས།དངུལ་མདོག་གི་ཕ་ས། ནགས་བྲན།བཤམས་མི་ཚར་བའི་ཐང་ག་ཆེན་མོ། གཞལ་མི་བཏུབ་པའི་རྩི་ཤིང་ནགས་ཀློང་། ངོས་འཛིན་མི་ཚར་བའི་མེ་ཏོག་གི་འཇིག་རྟེན། མི་ཉག་སྐོར་བྲོ། ལོ་སར་བསང་མཆོད། བསང་སྐོར་རྟ་རྒྱུག། ཞེ་དགུའི་རིག་གནས། འདི་དག་ཁོ་ན་བརྗོད་པ་ཙམ་ཡང་མི་བུ་མགུ་བའི་དགའ་སྟོན་ཉག་གཅིག་གོ།
༼ འཁྱོག་འཇོམས། ༽
