国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་ དང་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་སྤེལ།

སྤྱི་ཟླ6པའི་ཚེས20ཉིན། དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་འགོ་འཛུགས་མཛད་སྒོ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ནས་སྤེལ་བ་རེད། ཐེངས་འདི་ནི་ལུས་རྩལ་རྩལ་འགྲན་དང་སྒྱུ་རྩལ་བཤམ་འཁྲབ་ཟུང་དུ་འབྲེལ་བའི་ལང་ཚོའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། གནས་མཆོག་དཀར་མཛེས་ཁུལ་དུ་ལང་ཚོའི་གསོན་ཤུགས་རྒྱས་ཞེས་པ་གཙོ་དོན་དུ་བྱས་ཤིང་། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་ཚོའི་ཉམས་འགྱུར་མངོན་པ་དང་རིག་གནས་སྤེལ་རེས་ཀྱི་གར་སྟེགས་རྒྱ་ཆེན་པོ་ཞིག་བསྐྲུན་པ་རེད།

སྔ་དྲོའི་ཆུ་ཚོད9པར་འགོ་འཛུགས་མཛད་སྒོ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི《གངས་ལྗོངས་འོད་སྙེག》ཅེས་པའི་ཞབས་བྲོའི་ཁྲོད་ནས་འགོ་བཙུགས། སྙན་ཞིང་འཇེབས་པའི་རྔ་སྒྲ་ཁྲོད་དུ་རྒྱལ་དར་རུ་ཁག་དང་ཚོགས་དར་རུ་ཁག་གིས་སྣེ་ཁྲིད་འོག། ཤན་འབྱེད་པ་རུ་ཁག་དང་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག། ཐད་གཏོགས་སློབ་གྲྭའི་ལུས་རྩལ་པ། བཤམ་འཁྲབ་འཐུས་ཚབ་ཚོགས་པ་བཅས་རིམ་བཞིན་འགྲན་རར་ཞུགས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་མི་བཟང་གསོ་སྐྱོང་དང་སློབ་གསོ་ལྔ་མཉམ་དར། ཨང་ཀི་རིག་ནུས་རོགས་རམ་བཅས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས་དངོས་སྒྲུབ་དང་ཁྱད་ཆོས། མཐུན་སྦྱོར། མི་སྐྱོང་བཅས་ཀྱི་འདུ་ཤེས་ལག་ལེན་བསྟར་ཡོད། ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ལ་མཆོང་རྒྱུག་འཕེན་གསུམ་དང་སླེ་གྲུག། རྐང་གྲུག། འཕེན་འཕང་སྤོ་ལོ་སོགས་ལུས་རྩལ་རྣམ་གྲངས་ཆེན་པོ4ཡོད། སྒྱུ་རྩལ་དུས་ཆེན་དུ་སྒྱུ་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་བརྩམས་ཆོས་རིགས་གཉིས་ཚུད་ཡོད། ཐེངས་འདིའི་འགྲན་ཚོགས་སྤྱི་ཟླ6པའི་ཚེས26ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་དེ་རྗེས་ཀྱི་འགྲན་སྡུར་ནང་མཛེས་རྩལ་དང་ཡིག་གཟུགས། ཞབས་བྲོ་བཤམ་འཁྲབ་སོགས་ཕུན་སུམ་ཚོགས་པའི་རྣམ་གྲངས་གཅིས་རྗེས་གཉིས་མཐུད་ངང་སྤེལ་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ལུས་རྩལ་མཛེས་རིག་སློབ་གསོའི་ལག་ལེན་སྟེགས་བུ་བཏོད་པ་དང་། དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཏང་དང་རྒྱལ་ཁབ་ལ་དགའ་བ་དང་། མཐུན་སྒྲིལ་ཡར་བསྐྱེད། སློབ་སྦྱོང་ལ་མཁས་པ་དང་ལག་ལེན་ལ་འབད་བརྩོན་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཏེ། སྤྱོད་ལམ་དང་ཤེས་རིག། ལུས་རྩལ། མཛེས་རིག་བཅས་ཀྱི་སློབ་གསོ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་ལང་ཚོའི་སྟོགབས་ཤུགས་བྱས་རྗེས་སུ་འབུལ་རྒྱུ་རེད།།

( བདེ་ཆེན་གྱིས་བྲིས་ཤིང་པར་བླངས།)