( པར་ངོས་དང་པོར་མཐུད།)
ཀྲའོ་པོ་ཡིས་གསུང་བཤད་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕྲིན་བཅར་ལས་དོན་ལ་མཐོང་ཆེན་གནང་ནས་རྒྱས་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་བརྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་ནས་དུས་རབས་གསར་པའི་འཕྲིན་བཅར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྣེ་ཁྲིད་གནང་ཡོད། ད་ལོ་ནས་བཟུང་། དཀར་མཛེས་ཁུལ་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་འདུམ་སེལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། འཕྲིན་བཅར་གྱི་འགལ་བ་འབྱུང་རྩ་ནས་སེལ་བ་དང་། འགག་སྒྲོལ་ཐག་གཅོད་པར་སྤྱི་འདོམས་ངང་བསྐུལ་བས་གཅིག་བསྡུས་དག་ཐེར་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་པ་རེད། འོན་ཀྱང་གོང་རིམ་གྱི་བླང་བྱ་དང་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ན་སྔར་བཞིན་ཞན་ཆ་ཡང་ཡོད། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་སྤར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་ནས་ཐོག་མཐའ་བར་གསུམ་དུ་བརྩེ་སེམས་འཆང་བ་དང་། འགན་འཁྲི་ཁུར་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པ་དང་ཚད་གཞི་མཐོན་པོའི་སྒོ་ནས་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཏེ། དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱ་དགོས་ཞེས་བསྟན་པ་རེད།
ཀྲའོ་པོ་ཡིས་དམ་འཛིན་མྱུར་འཛིན་རྒྱུན་འཁྱོངས་ཏེ་མྱུར་ཚད་ཡོད་ཅིང་ཕན་འབྲས་ཆེ་རུ་ཡོང་བ་བྱ་དགོས་པ་དང་། འགག་སྒྲོལ་དཀའ་སེལ་རྒྱུན་འཁྱོངས་ཏེ་འགལ་རྩོད་རྙིང་པ་སེལ་བའི་ཐད་ཕན་འབྲས་དངོས་ཐོན་པ་བྱ་དགོས། འབྱུང་རྩ་ནས་བསལ་རྒྱུ་རྒྱུན་འཁྱོངས་ཏེ་འཕར་ཚད་ཚོད་འཛིན་ནན་པོ་བྱེད་པའི་ཐད་དཀའ་སྤྱད་འབད་བརྩོན་བྱ་དགོས། རུལ་སུངས་དང་སྤྱོད་ངན་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་ཏེ་སྤྱོད་གཙང་སྒྲིག་ནན་ཐད་བྱ་སྤྱོད་ངོ་མ་སྤེལ་དགོས་ཞེས་གསུངས་པ་རེད།
ཀྲའོ་པོ་ཡིས་དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་དང་འདུམ་སེལ་བྱ་རྒྱུ་དེ་སྡེ་ཚན་མང་བ་དང་ཁྱབ་ཁོངས་རྒྱ་ཆེ་བས་ཕྱོགས་ཁག་མཉམ་དུ་ཞུགས་པ་དང་ལས་ཀའི་མཉམ་ཤུགས་ཆགས་པ་བྱ་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་བརྟན་པོར་འཁུར་བ་དང་། སྒྲིག་ཁྲིམས་དང་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་ཆེད་འགན་ལག་བསྟར་ཡག་པོ་བྱ་དགོས། འཕྲིན་བཅར་སྡེ་ཁག་གིས་གོ་རིམ་གྱི་མྱུར་ཚད་དང་སྒྲུབ་སྐུལ་ཞིབ་བཤེར་གྱི་འགག་སྒོ་ནན་སྲུང་བྱ་དགོས། འགན་ནུས་སྡེ་ཁག་གིས་ལས་རིགས་གཙོ་སྐྱོང་གི་ནུས་པ་འདོན་སྤེལ་བྱས་ནས་འགན་འཁྲི་དོན་འཁྱོལ་དང་། ལས་འགན་རྩིས་སྤྲོད་རྩིས་ལེན། མཉམ་སྒྲུབ་མཉམ་འགུལ། ཕན་འབྲས་རྗེས་སྙེག་འདྲི་རྩད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། གོང་འོག་མཉམ་འགུལ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་བསྡུས་དག་ཐེར་འདུམ་སེལ་ལ་བསྐུལ་ནས་གྲུབ་འབྲས་ངོ་མ་འཐོབ་པ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།
( བདེ་སྐྱིད་དང་བདེ་ཆེན་གྱིས་བསྒྱུར།)
