国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་ས་ལྗོངས་ཁུལ་དུ་བསྒྱུར་ནས་མང་ཚོགས་ཀྱི་ཕྱུག་འབྱོར་ལམ་བུ་བཏོད།

ཤེས་འཇོན་གཉིས་ལྡན་གྱི་གཞོན་ནུ་བློ་བཟང་ཡོན་ཏན་གྱི་གནས་ཚུལ་རགས་བཀོད།

10716_ym01b_20260626བློ་བཟང་ཡོན་ཏན་གྱིས་ཡུལ་སྐོར་བར་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

10717_ym01b_20260626གྲོང་སྡེའི་ལོ་རྒྱུས་རིག་གནས་ཁང་།

10714_ym01b_20260626གེ་མོའི་གཡང་ཁྱིམ་སྦྲ་གུར།

དབྱར་ཟླ་ར་བ་ཤར་བ་དང་བསྟུན་ནས་མཛེས་སྡུག་རབ་ཏུ་ལྡན་པའི་འབའ་ཐང་རྫོང་གེ་མོ་གྲོང་སྡེར་ཡུལ་སྐོར་བའི་འདུ་ལོང་རབ་ཏུ་ཆེ། སྔོན་མར་ཐག་རིང་ལུང་ཁུག་གི་འབྲོག་ལས་རྐྱང་པའི་གྲོང་སྡེ་དེ་ད་ལྟ་དྲྭ་ཐོག་སྐད་གྲགས་ཆོད་ནས་ཡུལ་སྐོར་བའི་རེ་སྨོན་གྱི་གནས་མཆོག་ཏུ་གྱུར། ས་ཆ་སྐྱིད་པོ་དེ་རུ་ཤེས་ཡོན་གཉིས་ལྡན་གྱི་གཞོན་ནུ་ཞིག་ཡོད་དེ། ཁོའི་མིང་ལ་བློ་བཟང་ཡོན་ཏན་ཟེར། ཁོ་རང་སི་ཁྲོན་ནོར་སྲིད་དཔལ་འབྱོར་སློབ་གླིང་དུ་ནོར་སྲིད་དཔལ་འབྱོར་སྐོར་གྱི་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་རྗེས་གྲོང་ཁྱེར་དུ་ལས་ཞུགས་ཆོག་པའི་གོ་སྐབས་དོར་ནས་རང་ཉིད་འཚར་ལོངས་བྱུང་སའི་མཐོ་སྒང་འབྲོག་སྡེར་ལོག་ནས་ལས་གཏོད་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར། ས་ཆ་གཞན་དག་ཏུ་ཡུལ་སྐོར་ལས་རིགས་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་བསྟུན་ནས་ཁོ་ལ་རང་ཉིད་ཀྱི་ཕ་ཡུལ་ནི་ཧ་ཅང་མཛེས་སྡུག་ལྡན་པས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་ཐུབ་ན་ཡུལ་སྐོར་བའི་དགའ་བསུ་ཐོབ་ངེས་པ་དང་ཆབས་ཅིག་ཡུལ་མི་ཚོ་ཁྲིད་ནས་མཉམ་དུ་ཡོང་འབབ་འཕར་ཐབས་ལ་བརྩོན་ཆོག་པའི་བསམ་ཚུལ་སྐྱེས།

2021ལོར་གེ་མོ་གྲོང་སྡེའི་འགོ་བ་རིག་འཛིན་དང་ཆོས་སྐྱབས་གཉིས་གཙོས་པའི་མགོ་ཁྲིད་མི་སྣ་བཅུ་ཡིས་གཙོ་བོ་བཟུང་ནས་དམངས་ཡོངས་ཀྱི་སྒོར་ཁྲི30བསྡུས་ནས་གུར་དཀར་མགྲོན་ཁང་དང་ཟ་ཁང་བཙུགས་པའི་འགོ་བརྩམས་ཤིང་རྫོང་གི་དབུལ་སྐྱོར་མ་དངུལ་གྱི་རོགས་རམ་ཡང་ཐོབ། དེ་ནས་ཕ་ཡུལ་ལ་ལོག་པའི་ལས་གཏོད་པ་གཞོན་ནུ་བློ་བཟང་ཡོན་ཏན་གཙོས་པའི་སློབ་མ10ཡི་སྣེ་ཁྲིད་དང་འབད་འབུངས་ལ་བརྟེན་ནས་རིམ་བཞིན་དར་འཕེལ་སོང་སྟེ་ད་ལྟ་དེང་རབས་ཅན་གྱི་གེ་མོ་འབྲོག་སྡེ་སྦྲ་གུར་གཡང་ཁྱིམ་ཞེས་པའི་ཡུལ་སྐོར་སྣེ་ལེན་ས་ཚུགས་སུ་ཆགས་པ་རེད།

གྲ་སྒྲིག་ཡོད་པའི་མི་ལ་གོ་སྐབས་ལྡན་ཞེས་པ་ལྟར། 2024ལོར་བློ་བཟང་ཡོན་ཏན་དང་ས་གནས་དེ་གའི་གཞོན་ནུ་སློབ་མ་བཅུ་རང་ཡུལ་ལ་ལོག་ནས་གེ་མོ་གྲོང་སྡེའི་རྩྭ་ཐང་གི་མཛེས་ལྗོངས་དང་། དགུང་སྔོན་དབྱིངས་ཀྱི་དགུ་ཚིགས་སམ་སྐར་ཚོགས་ལ་ལྟ་སའི་གནས་མཆོག། གྲོང་སྡེའི་ལོ་རྒྱུས་རིག་གནས་སོགས་རང་བྱུང་དང་མིའི་རིག་གནས་ཐོན་ཁུངས་ལ་དམིགས་ནས་སྦྲ་གུར་གཡང་ཁྱིམ་བཙུགས་ཏེ་ཡུལ་སྡེའི་རིག་གནས་ཡུལ་སྐོར་གྱི་འགྲན་ལམ་གསར་པ་བཏོད།

དོན་དག་ཅི་ཞིག་ཡིན་རུང་འགོ་རྩོམ་དཀའ་ཞིང་རྒྱུན་འཁྱོང་དགོས་ན་དེ་བས་ཀྱང་དཀའ། ལས་གཏོད་ཀྱི་དུས་རིམ་ཐོག་མ་ལ་ཉམས་མྱོང་མི་འདང་བ་དང་ཡུལ་སྐོར་བ་ཉུང་བ་སོགས་ཀྱི་དཀའ་གནད་ལ་འཕྲད་ཀྱང་བློ་བཟང་ཡོན་ཏན་གཙོས་པའི་ན་གཞོན་རོགས་པོ་ཚོས་ཡུལ་མི་ཚོའི་སྣེ་ཁྲིད་དེ་དུས་ནམ་ཡིན་ཡང་སྣེ་ལེན་ཞབས་ཞུ་ཡག་པོ་དང་བཟའ་བཏུང་བྲོ་བ་ཞིམ་པོ། ཡུལ་སྐོར་མྱོང་རོལ་ཟབ་མོ་སོགས་ཡོང་གང་ཐུབ་ལ་འབད་བརྩོན་ཆུ་བོའི་རྒྱུན་བཞིན་བྱས་པ་དང་སྦྲགས། བརྙན་ཐུང་ཁྱབ་གདལ་དང་ཐད་གཏོང་སོགས་བར་མ་ཆད་པ་བྱས་ནས་ཁྱབ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་།

བློ་བཟང་ཡོན་ཏན་གྱིས་རང་ཡུལ་གྱི་ཁྱད་ཆོས་ཡོད་པའི་ཁྱད་ལྡན་རྩམ་པའི་ཁོ་ཧྥེ་བཏུང་བྱ་གསར་གཏོད་བྱས། བོད་ཀྱི་སྲོལ་རྒྱུན་བཟའ་བཏུང་དང་དེང་རབས་ཀྱི་བཟའ་བཅའ་ཟུང་འབྲེལ་བྱས་པས་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ། དེང་རབས་ཅན་གྱི་དྲིལ་སྒྲོག་བྱེད་སྟངས་སྤྱད་དེ་བརྙན་ལམ་དང་ཐད་གཏོང་བརྒྱུད་ནས་ཕ་ཡུལ་གྱི་སྔོ་ཞིང་བསངས་པའི་ནམ་མཁའ་དང་ཡངས་ཤིང་ཆེ་བའི་རྩྭ་ཐང་། ཐུན་མིན་འབྲོག་རའི་འཚོ་བ་སོགས་དྲྭ་ཐོག་ལ་བསྟན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་སྒེར་འཁོར་བསྐོར་ནས་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། དེ་ནས་རིམ་པར་སྦྲ་གུར10དང་ཤིང་ཁང3ལ་རྒྱ་བསྐྱེད་པ་དང་། ཟ་འདུག་འཆག་ཚོང་གི་གཉེར་སྐྱོང་ལས་འགན་ཞིབ་ཕྲ་བཟོས། རིག་ནུས་མགྲོན་ཁང་གི་དོ་དམ་མ་ལག་བཙུགས་ནས་ཡུལ་སྐོར་བར་གེ་མོའི་འཚོ་བ་སྐྱིད་པོ་མྱོང་རོལ་བྱེད་དུ་བཅུག་པ་རེད།

བློ་བཟང་ཡོན་ཏན་གྱིས་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཡུལ་མི་ཚོས་འགྲུལ་པ་ཚོར་རྟ་ཐོག་ཡུལ་སྐོར་སྣེ་ལེན་བྱེད་ཆོག་པ་དང་། འབྲོག་ལས་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་བཙོང་བ་སོགས་ལ་བརྟེན་ནས་ཡོང་འབབ་རིམ་པར་འཕར་བཞིན་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་ཕྱིན་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་འབབ་འཕར་བརྟན་པོར་བྱུང་བ་སྟེ། 2023ལོའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི31.2ལ་ཟིན་པ་དང་། 2024ལོར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི50ལ་ཟིན་ཡོད། 2025ལོར་གཉེར་སྐྱོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི150འཕར་བ་དང་། ཡུལ་མིར་ད་དུང་ཐུན་མོང་ཁེ་སྤོགས་དང་ས་ཆ་བོགས་གླའི་རིན་པ་ཡང་ཡོད་པས་ཡོང་འབབ་འཕར་ལམ་སྣ་མང་ཆགས་ནས་ཕྱུགས་འཚོ་བ་ཁོ་ནར་བརྟེན་ནས་འཚོ་བ་བྱེད་སྟངས་རྙིང་པ་ལས་རྦད་དེ་ཐར་ཡོད་ཅེས་བཤད།

བློ་བཟང་ཡོན་ཏན་གྱིས་གྲོང་སྡེའི་ཁོར་ཡུག་སྲུང་སྐྱོང་ཐད་གད་སྙིགས་ཆ་བསགས་ལམ་ལུགས་ལག་ལེན་བསྟར་ཏེ་ཡུལ་མི་ཚོས་གད་སྙིགས་ཀྱིས་བཟའ་འབྲུ་དང་ཐབ་ཆས་སོགས་འཚོ་བའི་དངོས་རྫས་བརྗེས་ཆོག་པ་བྱས་ནས་ཁོར་ཡུག་ཇེ་གཙང་དུ་བཟོས་ཡོད། ཐབས་ཤེས་དེ་སྤྱད་ནས་ལོ་ཕྱེད་ལ་རིམ་རྩིས་བྱས་ན་གད་སྙིགས་རྒྱ་མ1000ཙམ་བསྡུས་ཡོད་པ་དེ་དངོས་ཟོག273ལ་བརྗེས་ནས་རིན་ཐང་བསྡོམས་འབོར་སྒོར4058ལ་ཟིན་ཡོད་ཅེས་བཤད།

ཕྱིན་ཆད་ཀྱི་འཕེལ་རྒྱས་གཏོང་ཕྱོགས་སྐོར་གླེང་བའི་ཚེ། བློ་བཟང་ཡོན་ཏན་གྱིས་གྲོང་སྡེས་ཁོར་ཡུག་སྲུང་སྐྱོང་གི་ཆ་བསགས་ལམ་ལུགས་དེ་ཤེས་དཔལ་དུད་ཚང་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་དུད་ཚང་དཔྱད་འདེམས་ནང་བཅུག་ནས་ཡུལ་མིར་རང་རྟོགས་ངང་རྩྭ་ཐང་གི་ཁོར་ཡུག་སྲུང་བ་ཁྲིད་སྟོན་བྱ་རྒྱུ་རེད། ཐོན་ལས་འབབ་འཕར་དང་རིག་གནས་བརྒྱུད་འཛིན། སྐྱེ་ཁམས་སྲུང་སྐྱོང་བཅས་དུས་མཉམ་དུ་བསྐུལ་བར་གེ་མོ་གྲོང་སྡེས་འབྲོག་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་ཆ་གཙོ་བོར་བཟུང་ཡོད། ས་གནས་དེ་གས་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར1.32གཏང་རྩིས་བྱ་སྟེ་ཡུལ་སྡེ་འཕེལ་རྒྱས་ཀྱི་ལས་གཞི་རབ་དང་རིམ་པ་འཆར་འགོད་བྱས་ནས་གྲོང་སྡེར་ཤར་བགྲོད་འགྲོ་ལམ་དང་། གད་སྙིགས་བསྡུ་འདྲེན་མ་ལག། ཡུལ་སྐོར་ལྟེ་གནས་དང་ཁྱད་ལྡན་གནས་ཚང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་འབྲོག་ས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་བསྐུལ་རྒྱུ་ཡིན་ཞེས་སྤོབས་པ་ཆེན་པོས་དེ་ལྟར་བཤད་པ་རེད།། ( ཡེ་ཤེས་ཀྱིས་བྲིས།)