国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རིགས་དང་རྣམ་པ་ མི་འདྲ་བའི་བོད་གྲི།

གནའ་སྔ་མོར་གངས་རིའི་ཡུལ་གྲུ་འདིར་འཚོ་བའི་བོད་རིགས་མི་དམངས་ལ་མཚོན་ན་དུས་ཡུན་རིང་མོར་འབྲོག་ལས་ཀྱིས་འཚོ་ཞིང་། ཤ་བཟའ་བ་དང་དགྲ་ཇག་འགོག་སྲུང་སོགས་གྲི་དང་འགྲོགས་པའི་དོན་སྙིང་གལ་ཆེན་ལྡན། ཡིན་ནའང་དུས་རབས་མང་པོར་སོང་རྗེས་རིམ་བཞིན་གྲི་ལ་ཕྲ་རྒྱན་སོགས་མང་པོ་སྤྲས་ཏེ་རྒྱན་ཆར་གྱུར་པ་རེད།

གཙང་ཁུལ་དང་ལྷ་ས་ཁུལ་དུ་ལྷ་རྩེའི་གྲི་ནི་སྐད་གྲགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ད་ལྟ་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་གྲི་ལ་ལོ་ངོ1000ཙམ་གྱི་ལོ་རྒྱུས་ཡོད་པ་དང་། ལྕགས་ཀྱི་སྤུས་ཚད་ལེགས་ཤིང་རྣོ་ངར་ཆེ་བ། སྲ་བ། བརྐོས་ཚགས་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན། གཞན་ད་དུང་བོད་གྲི་སྐད་གྲགས་ཅན་ཞིག་ནི་ཡིད་འོང་གི་སྤུ་གྲི་རྒྱ་མོ་ཞེས་པའི་གྲིའི་རིགས་དེ་ཡིན་ཞིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཡུལ་ནས་ཐོན་པའི་གྲི་བཟོའི་ལག་རྩལ་དེར་ལོ་ངོ400ཙམ་གྱི་ལོ་རྒྱུས་ཡོད་ཅིང་། དེ་ནི་གྲི་བཟོ་བྱེད་ཀྱི་རྒྱུ་ཆ་ས་གནས་དེ་རང་ནས་ཐོན་པའི་གཏེར་ལྕགས་རིགས་གསུམ་ལས་བཟོས་པས་ཤིན་ཏུ་རྣོ་ངར་ཆེ་བ་དང་གྲི་ཤུབས་ཀྱང་ཉ་ཡི་ལྤགས་པ་ཡིན།

མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་བབ་གནས་ཚུལ་དང་ནམ་རྒྱུན་གྱི་འཚོ་བའི་དགོས་མཁོའི་དབང་གིས་འབྲོག་པའམ་ཡང་སྒོས་སུ་ཁམས་པའི་མི་རྣམས་ཀྱིས་སྐེད་པར་རལ་གྲི་ཞིག་དང་གློ་གྲི་ཞིག་འདོགས་པའི་གོམས་གཤིས་ཆགས་ཡོད་པ་རེད། ལྷག་པར་དུ་བོད་ལ་ཚད་ལྡན་གྱི་རྒྱན་ཆའི་རྣམ་གྲངས་འདྲེན་སྐབས་རྒྱ་གྲི་ཕོར་ཤུབས་ཞེས་པ་དམིགས་སུ་བཤད་ཡོད་ལ་གྲིའི་སྤྱོད་གོ་དང་རིན་ཐང་ཧ་ཅང་ཆེ་བ་ནི་སྨོས་མེད་ཡིན་ལ། ཐ་ན་བུད་མེད་ཚོས་ཀྱང་གྲི་ཆུང་འདོགས་པ་དེ་རྒྱན་ཆར་བརྩིས་ནས་དང་དོད་བྱེད་ཀྱིན་ཡོད་པ་རེད།

མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་བོད་གྲིར་ལོ་ངོ500ལྷག་གི་ལོ་རྒྱུས་ཡོད་པ་དང་། བོད་གྲིའི་བཟོ་རྩལ་ལ་ཁྱད་ཆོས་མངོན་གསལ་ལྡན་ལ་བཟོ་ལྟའང་དཔེ་གསར་ཞིག་ཡོད་ཅིང་། གྲི་ཤུབས་ནི་སྤྱིར་ན་ཤིང་དང་ཀོ་བ། ཟངས་ལྕགས། དངུལ་སོགས་ཡིན་ལ་བོད་ཤར་ཁུལ་དུ་གཅན་གཟན་གྱི་རྐང་པའི་ལྤགས་པས་བཏུམས་སྲོལ་ཡང་ཡོད་པ་དང་། ཐ་ན་ལ་ལར་སྡེར་མོ་ཡང་མཉམ་དུ་ཡོད་པ་རེད། གྲི་ཤུབས་ཀྱི་ངོས་སུ་སྟག་སེང་ཁྱུང་འབྲུག་དང་མེ་ཏོག་སོགས་ཀྱི་རི་མོ་བརྐོས་སྲོལ་ཡོད་ལ་དེ་བས་ཀྱང་གཡུ་བྱུར་དང་མུ་ཏིག་སོགས་ཀྱིས་བརྒྱན་སྲོལ་ཡོད་པ་ནི་བོད་གྲིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཡིན། ད་དུང་གྲི་ཆེ་རིགས་ཀྱི་རྒྱུ་ཆར་དར་གོས་སོགས་སྤྱད་སྲོལ་ཡོད།

དེ་ལྟར་བོད་གྲི་ནི་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་པར་མ་ཟད། སྤྱོད་གོ་ཆེ་ལ་འཁྱེར་བདེ་ཞིང་མཛེས་རྩལ་གྱི་རིན་ཐང་མཐོ་བས་སྔར་བཞིན་བོད་རིགས་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱིན་ཡོད། དེའི་བཟོ་ལྟ་དང་བཟོ་རྩལ་ཚང་མར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་སྒྱུ་རྩལ་དང་རིག་གནས་ཀྱི་མྱོང་རོལ་རིན་ཐང་ཡང་ཆེན་པོ་ལྡན་པས་རྒྱལ་ཕྱི་ནང་ལ་སྐད་གྲགས་ཆེན་པོ་ཡོད་ཅིང་། མི་མང་པོས་དར་སོ་ཆེ་བའི་ཡུལ་སྐོར་དྲན་རྟེན་དངོས་པོ་དང་ལག་རྟགས་གལ་ཆེན་དུ་བརྩིས་ནས་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད།

བོད་གྲི་དེ་ལྕགས་མགར་གྱི་ལག་ཤེས་ལ་བརྟེན་ནས་ལས་སྣོན་ཞིབ་ཚགས་བྱས་པ་དང་། རྣོ་ངར་ཆེ་ལ་འོད་ཆེམ་ཆེམ་དུ་མདངས་འཕྲོ་བ། དུས་ཡུན་རིང་པོའི་འཕེལ་རྒྱས་བརྒྱུད་རིམ་ལས་བོད་གྲི་རྡུང་རྩལ་དེ་ཡང་བོད་རིགས་ས་ཁུལ་ཡོངས་སུ་རྒྱུན་འཛིན་ཐུབ་པ་དང་། ས་གནས་ཁག་གི་ལྕགས་བཟོ་བས་ཡུལ་བབ་དང་བསྟུན་ནས་རང་སོ་སོའི་ཁྱད་ཆོས་ལྡན་ལ་ནུས་པ་མི་འདྲ་བའི་བོད་གྲིའི་རིགས་དང་རྣམ་པ་མི་འདྲ་བ་ཁྲོམ་རར་འགྲེམས་ཚོང་བྱེད་ཀྱིན་ཡོད་དོ།། ( རྩོམ་སྒྲིག་པས་སྡུད་སྒྲིག་བྱས།)