国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲན་པའི་སྣང་གཞས།

རི་ཡི་རྩེ་ནས་འཆར་བའི་ཉི་ཟླ་ཆ་གཅིག།

ཡིད་ཀྱི་གུར་ཁང་བརྒྱུད་དེ་གང་དུ་ཕེབས་ཀྱང་།།

ངག་རིག་འགྱུར་ཁུག་བསྡོངས་པའི་ལྷ་མོ་མེ་ཏོག།

གཟིམ་མེད་ཡུན་དུ་བདག་གི་ནམ་མཁར་བཞུགས་དང་།།

སྨུག་པའི་ན་བུན་གསེབ་ཀྱི་དྲན་པ་སྙི་མོ།།

དབྱངས་ཀྱི་འཕྲེད་ལ་བཀུག་སྟེ་གླུ་གཞས་ལེན་དུས།།

དགའ་སྐྱོའི་གསང་བ་མོལ་བའི་ན་ཆུང་སྨིན་ལེགས།།

ཞལ་ལ་དམར་མདངས་དོད་པའི་མཛེས་ཉམས་ཅན་པོ།།

ང་ནི་སྙན་དང་མི་སྙན་ངག་རིག་འཇིངས་ནས།།

བག་ལྷོད་ངལ་གསོ་ཞུགས་ནས་མཛེས་མའི་དྭངས་རྩེ།།

ངག་སྙན་མཚོ་བྱུང་པིར་གྱི་རྩེ་ནས་འབོད་བཞིན།།

མཐའ་མེད་འཇིག་རྟེན་ཉུལ་ཏེ་གང་ལ་ལོག་འགྲོ།།

ལས་ཀྱི་མཛའ་མཐུན་སྙིང་གྲོགས་རྒྱང་ནས་བསྐྱུར་ཅིང་།།

བྱམས་པའི་གཉེན་ཉེ་ཆུ་བོའི་འགྲམ་དུ་བཞག་ནས།།

རིག་གཞུང་མེ་ཏོག་ཚལ་ནས་འཚོ་ཁུལ་བྱས་ཀྱང་།།

དྲན་པའི་སྣང་བ་ལྷ་མོའི་ཕྱོགས་སུ་ཤོར་སོང་།།

གཞན་གསོས་ཁུ་བྱུག་གསུང་སྐད་ཐོས་པ་ཨེ་བྱུང་།།

ལྷོ་ཕྱོགས་ཚངས་པའི་བུ་མོའི་ཕྱི་མིག་ཨེ་གནང་།།

འདི་ཡི་ལམ་ཆུང་དཀྱིལ་ནས་གང་དུ་ཕྱོགས་ཀྱང་།།

འདུན་མའི་རེ་ལ་དབྱངས་ཀྱི་དར་ཆ་འཐེན་ཡོད།།

སྤྲིན་དཀར་གང་ལ་རྒྱུ་བའི་ནམ་མཁའི་གཞུང་ན།།

ན་ཚོད་བཅུ་དྲུག་ཅན་གྱི་འཇམ་དབྱངས་རྣམ་སྤྲུལ།།

སྤྲུལ་པའི་དབྱངས་ཅན་ལྷ་མོའི་མཚར་སྡུག་ཡོངས་རྫོགས།།

རྫོགས་ལྡན་དུས་ཀྱི་བསྐལ་པར་ལྷག་ཏུ་མཇལ་འདོད།།

འདི་ན་ཉམས་སྣང་མེ་ཏོག་འདོད་འཇོའི་རྩེ་ལ།།

བརྩེ་སེམས་དབྱངས་ཀྱི་འབྲུ་རྟས་རི་མོ་བྲི་དུས།།

གང་ལ་གང་གི་ཉི་མ་ཡང་ཡང་ཤར་བའི།།

ངག་རིག་ཟླ་བའི་སྲིང་མོ་སྙིང་ལ་འཁྲུངས་བྱུང་།།

སྡེབ་སྦྱོར་ཚིག་གི་བཀོད་པ་ཇེ་མཛེས་བྱས་ཀྱང་།།

ཕུལ་བྱུང་སྙན་པའི་ངག་ཅིག་འཁྱོང་པ་དཀའ་ཡང་།།

རིམ་བཞིན་སྐས་ཐེམ་གཅིག་རྗེས་གཉིས་གསུམ་མཐུད་ནས།།

མུ་ནས་ཡར་ལ་བསྐྱོད་པའི་སྣང་བ་མཐོ་ཨང་།།

ཀུན་རྟོག་སྣང་བས་བསྐྲུན་པའི་ངག་རིག་སྐྱེམས་ཆང་།།

སྒྱུ་མའི་གར་ལ་བརྒྱུས་པས་མྱོང་རོལ་མཛོད་དང་།།

སེམས་གཞས་ཐན་ཐུན་རེ་ཡི་ཁུག་པར་བཞད་པའི།།

དབྱངས་གསལ་སྐར་ཚོམ་རེ་བའི་མཐིལ་དུ་དབབ་ཡོང་།།

མཐའ་མེད་འཁོར་བའི་ལམ་ལ་ཟད་མཐའ་མེད་ཀྱང་།།

མི་ཚེའི་སྲོག་འདི་ཅི་ཙམ་འཚོ་ཞིང་གནས་པར།།

སུས་ཀྱང་གཏན་ཁེལ་བྱེད་པ་ཧ་ཅང་དཀའ་མོད།།

འཚོ་བའི་ཡུན་དུ་འདུན་བརྩོན་གཅིག་གིས་ཆོག་གོ།།

མ་བཅོས་ལྷ་མོའི་ཞལ་རས་དགུང་ནས་བཙལ་ཆེད།།

ཐང་དཀར་གཤོག་པ་གཡར་ཏེ་མཁའ་ལ་འཕུར་འདོད།།

འཇའ་ཚོན་གསེབ་ཏུ་བཞུགས་པ་ལན་ཅིག་མཐོང་བས།།

འདོ་རིགས་རྟ་ལ་བཞོན་ནས་སྤང་ཐང་གཤག་ཡོང་།།

དགྱེས་འཛུམ་ངག་དབང་ལྷ་མོ་གྲོགས་སུ་ཁུག་ན།།

མཚོ་ཆེན་རྒྱ་མཚོའི་གཏིང་གི་ནོར་བུ་རྙེད་འདྲ།།

འདི་སྣང་མི་ཡུལ་སྲིད་པར་ཕྱི་ནང་དབུལ་ཡང་།།

མ་ཅིག་མཛངས་མ་མཁའ་འགྲོ་དེ་གས་ཆོག་རེད།།

༼ ཁམས་ཟླ་སྲས། ༽