འདབ་ལོ་སྔོ་ཐིང་ཐིང་རྒྱས་པ།
འཕག་མཆོང་རྒྱག་པའི་གཞོན་ནུའི་
ལང་ཚོ་ཡིན་ན།
འདབ་ལོ་སེར་ལྷང་ལྷང་ལ་རྒུད་པ།
ཟུངས་ཤུགས་ཤོར་བའི་རྒན་འཁོགས་
ཀྱི་ཚེ་མཇུག་རེད།
དགུན་ཁ་ཟེར་བའི་ངོ་གདོང་འཁྱགས་པོ་
ཞིག་མངོན་ཆུང་གིས་བཅར་བྱུང་།
འདབ་ལོ་རེ་རེས་ཡུལ་གྱར་བའི་
ལས་དབང་ཁུར་ནས།
གསོན་རེ་བྲལ་བའི་ཆུ་ཁའི"རེ་ཆད་པ"
ནང་བཞིན།
ཧ་ཅང་དྲེད་ཉམས་ཀྱིས་གཡང་
མཆོངས་བྱས།
ཐར་ཐོར་དུ་འགྱེལ་བའི་ཁོ་ཚོར་སྙིང་རྗེ་
སྒོམ་མཁན་ཕར་ཞོག།
གད་པ་ཨ་ཅག་དེ་ཚོས་སྡུག་སྐད་དང་
བཅས་གཤེ་གཤེ་དྲག་པོ་བཏང་སོང་།
ཁྱོད་ཀྱིས་སུ་ཚང་གི་སྒོ་ཁར།
སུ་ཞིག་གི་ཁམས་སངས་ལ་བདེ་
སྐྱིད་བསྣན་ཕྱིར།
ཉིན་ཞག་བརྒྱ་ཕྲག་གི་ཞབས་ཕྱི་
ལངས་ལངས་ལ་ཞུས་ཀྱང་།
ཉི་ལྷགས་ཀྱིས་འབྲབ་ཅིང་མི་སྡུག་པར་
བཏང་བའི་ངོ་གདོང་ལ།
སྙིང་རྗེ་ཞེས་ཤ་གསོས་ཉོ་བྱེད་ཀྱི་རྔན་
པ་སུས་ཀྱང་གནང་མི་སྲིད།
འདི་ནི། རྒུད་པའི་སྔ་ལྟས་ཤར་བའི་མི་
ཞིག་དང་འདྲ་བ་ལ།
ཕ་གཞིས་དང་གོ་ས་ཤོར་ཤུལ་ན།
སུ་ཞིག་གིས་བརྩི་མཐོང་བྱ་མི་སྲིད།
འདབ་ལོ་བཞིན་སང་ལོ་དུས་ཐོག་ལ་
སྤུ་སྐྱེས་ཤིང་གྲ་རྒྱས་ངེས་ཡིན་ན་འང་།
མི་ཕལ་ཆེར་གྱི་མིག་ཟུང་ནང་ད་ལྟ་
བ་ཞེས་པའི་ལུང་ཆུང་འདི་ལས་ཤོང་
གིན་མེད།
ཕྱོགས་གཞན་ཞིག་ནས་བསམས་ན།
འུ་ཚོ་ཚང་མ་འདྲ་མཉམ་དང་ལས་དབང་
གཅིག་རེད།
འདབ་ལོ་ནང་བཞིན་ཁང་སྟེང་བྱིལ་ལེར་
འགེབས་ཐུབ་པའི་མཐོ་ཚད་ཅིག།
སོ་སོའི་མི་ཚེའི་དབྱར་གཞུང་ལ་
ཡོད་ནའང་།
ནམ་ཞིག། སྡོང་ཐོག་གི་ཁོ་ཚོ་ལྟར་དུས་
ཀྱིས་ཁྱུར་མིད་གཏོང་བར་ཐེ་ཚོམ་མེད།
འོན་ཀྱང་མི་འདྲ་ས་ནི། ཁོ་ཚོས་ཚེ་ཐག་
ཤེས་མོད།
ང་ཚོས། ནམ་ཞིག་ཅེས་པའི་ཚེས་
གྲངས་དེ།
བརྟན་སྒམ་གྱི་གསང་གྲངས་ལྟར་
ཁྱོན་ནས་ཐིག་གི་མ་རེད།
༼ ལུག་རྫི། ༽
