སྐབས་འདིར། ངའི་དྲན་ཡུལ་ན་ཁྱེད་ཉིད་ལས་གཅིག་ཀྱང་མི་འདུག། ཉི་འོད་མཐོང་དཀའ་བའི་སྒེའུ་ཁུང་གི་ནང་ནས་རྒྱང་རིང་གི་ཁྱེད་ཕྱོགས་སུ་ཅེར་ནས་རང་དབང་མེད་པར་མིག་གོང་གི་མཆི་མ་འབྱིད་ཞོར་ཡུན་རིང་ལ་ལུས། ད་དུང་། སྡུག་བསྔལ་གཏིང་ནས་སློག་བྱེད་ཀྱི་གཞས་འདི་དག་གིས་དྲན་གདུང་གི་རྨ་ཁ་ལ་སྦར་བགྲད་ཡང་ཡང་བྱས། ཉི་མ་རི་རྩེར་ཡལ་ནས་ས་རུབ་ནའང་སྐྱོ་སྡུག་གི་མུན་པ་འདི་སངས་ཐབས་མ་བྱུང་།
མི་རྟག་པའི་ཟློས་གར་འདིས་གསོན་པའི་སྙིང་པོ་བོར་ཞིང་འཚོ་བ་ལ་གཏིང་ནས་རེ་ཐག་ཆད་པར་བྱས། ཧ་ཅང་ཉམ་ཐག་པའི་སེམས་པ་འདི་བཟོད་དུ་མེད་པའི་སྡུག་བསྔལ་གྱི་ཀློང་དུ་བཙུད་པར་བྱས། ངས་སྐབས་དང་སྐབས་སུ། ང་རང་འཇིག་རྟེན་འདིའི་པང་དུ་ཉིན་གཅིག་ལའང་འཚོ་མི་དགོས་པར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཡོངས་སུ་ཐར་བའི་འཇིག་རྟེན་ཞིག་ལ་འགྲོ་འདོད། དེ་ནི་ང་གཅིག་པུའི་འདུན་མ་མ་ཡིན་པར་ད་ལྟའི་ངའི་ཉེ་འཁོར་གྱི་མི་མང་པོ་ཞིག་གི་སེམས་ལ་དེ་འདྲ་ཞིག་དྲན་གྱིན་འདུག་སྙམ།
འཇིག་རྟེན་སྟེང་གི་ཆེས་སྡུག་བསྔལ་ནི་རང་ཉིད་ལ་གཅེས་ཤིང་དམར་བའི་མི་ཞིག་གིས་འཇིག་རྟེན་འདི་ལ་གཏན་དུ་བདེ་མོ་བཞག་པ་དེ་རེད་སྙམ། དེ་ལས་ཀྱང་སྡུག་བསྔལ་དང་གདུང་བ་ཆེ་ཤོས་ནི་རང་ཉིད་དང་རང་ཉིད་གནས་སའི་སྤྱི་ཚོགས་འདིས་སྐྱབས་གནས་རེ་ལྟོས་བྱེད་སའི་སྐྱེས་བུ་ཞིག་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་དེ་རེད། ང་ལ་མཚོན་ན་ཡང་རེབ་འདིའི་སྡུག་བསྔལ་ལས་ཆེ་བ་ཞིག་སྐྱེ་བ་ད་ཐེངས་ཡོང་མི་སྲིད་ལ་ཡོང་ཡང་དང་ལེན་བྱེད་མི་ཐུབ་པ་ཅི་ཡང་མེད། འོན་ཀྱང་། ད་སྐབས་དེ་ལས་ལྡོག་སྟེ་སྐྱེ་འཆི་ལ་རང་དབང་འབྱོར་བའི་ཁོང་གིས་ང་ཚོ་ཉམ་ཐག་གི་སློབ་བུ་མང་པོ་ཞིག་བསྐྱུར་ནས་ཞིང་ཁམས་གཞན་ལ་ཕེབས་པ་དང་ལེན་བྱེད་དཀའ་བར་མ་ཟད་བྲང་སའི་གཞི་བདག་གི་རྟ་ཕོའི་འཚེར་སྐད་དང་ངུ་སྐད་ཀྱིས་ས་ཆེན་འགངས་པའི་ངང་ཚུལ་དེས་ས་ཆེན་འདིའི་སྟེང་གི་སངས་རྒྱས་དང་བྱང་སེམས་མང་པོ་ཞིག་ལ་སྐྱོ་སྡུག་གི་མཆི་མ་བཞུར་བྱུང་།
འདི་ནི་ང་དང་ང་འདྲའི་རྟག་འཛིན་ཅན་གྱི་སེམས་ཅན་མང་པོ་ཞིག་གི་རྟག་འཛིན་བཟློག་ཕྱིར་དང་ཆོས་ལ་སྐུལ་ཕྱིར་དུ་ཁོང་གིས་ཞིང་ཁམས་གཞན་ལ་ཐུགས་དགོངས་གཏད་པ་ཡིན་པར་སྙམ། ཡིན་ནའང་། ང་ཚོས་ད་དུང་མཇལ་འཛོམས་ཀྱི་གོ་སྐབས་ཤིག་ལ་སྒུག་གིན་ཉིན་ཞག་མཛུབ་རྩེར་བགྲང། ངོ་གདོང་ལ་སྐྱོ་དུབ་ཆགས་ཀྱིན་ཤུགས་རིང་ནར་ནར་ཞིག་ཤོར་བའང་ཁྱེད་ཉིད་དྲན་པས་མཐུ།
མི་ཡི་མདངས་ཉམས་ཤིང་ས་ཡི་བཅུད་ཤོར་བའི་དུས་ཚིགས་འདིར། སྤྲིན་ནག་འཁྲིགས་པ་དང་རླུང་དམར་ལྡང་བས་ངའི་དབྱར་ཁ་མཐོང་བའི་མིག་འབྲས་ཞར་བར་བྱས་སོང་། ངས་རྒྱང་རིང་ཞིག་ལ་བལྟས་ནས་ཕུགས་བསམ་དང་འཚོ་བ་ལ་ཏན་ཏན་འབྲེལ་བ་ཟབ་པའི་ཆུ་བུར་མིག་གིས་བོར་སོང་བའི་ཚེ་ནོམ་དེ་ཕྱིར་རྙེད་པར་སྨོན་ལམ་བཏབ་མྱོང་ཕྱིར། སྐྱོ་གར་སྣ་ཚོགས་པའི་འཇིག་རྟེན་འདི་ནས་ཁྱེད་དང་སླར་ཡང་འཛོམས་ཆོག་པར་ཞུ།།
༼ གངས་ཚ་འཇོམས། ༽
