སྤྱི་ཟླ6པའི་ཚེས23ཉིན། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“གྲུབ་འབྲས་རེའུ་མིག”བསྒྲགས། 2025ལོར་རང་ཁུལ་གྱི་ལོ་ཧྲིལ་པོའི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བརྒྱ་ཆ100ལ་ཟིན་པ་དང་། PM2.5ཡི་ལོ་རེའི་ཆ་སྙོམས་གར་ཚད་ཐོག་མར་སྨི་རྒྱ་དཔངས་གྲུ་བཞི་མ7མན་དུ་བརྟན་པོའི་ངང་ཚོད་འཛིན་ཐུབ་ཡོད། མཁའ་རླུང་སྤུས་ཚད་ཀྱི་ཕྱོགས་བསྡུས་སྟོན་གྲངས་དེ་རྒྱལ་ཡོངས་ཀྱི་ཨང་གསུམ་པ་དང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ལ་གདེང་འཇོག་བྱེད་ཚུན་གྱི་ལོ་རྒྱུས་ཀྱི་ལེགས་ཤོས་བཏོད་ཡོད། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན20ཡི་ཚོད་འཛིན་བཅད་ངོས་ཀྱི་ཆུའི་སྤུས་ཚད་ལེགས་ཚད་ཀྱང་དེ་དང་འདྲ་བར་བརྒྱ་ཆ100རྒྱུན་འཁྱོངས་ཐུབ་པ་དང་། ས་རྒྱུའི་ཁོར་ཡུག་གི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གྱི་ལེགས་ཆ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
གཞི་གྲངས་ནི་ཆེས་ནུས་ལྡན་གྱི་བདེན་དཔང་ཡིན། 2025ལོར་རང་ཁུལ་གྱི་ལོ་ཧྲིལ་པོའི་ཉིན་གྲངས་བཟང་ཤོས་ཉིན365ལ་སླེབས་པ་དང་། དེའི་ནང་ཉིན་གྲངས་ཆེས་ལེགས་ཤོས་ཉིན307ཡིན་པ་དང་། ཉིན་གྲངས་བཟང་ཤོས་ལོ་མང་བསྟུད་མར་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། PM2.5ཡི་ལོ་རེར་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ6.95བར་ཆག་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཀྱི་ཞིང་ཆེན་ཚོད་འཛིན་ས་ཚུགས་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང30པའི་སྔོན་དུ་སླེབས་པ་དང་། སྡེ་རོང་དང་རོང་བྲག། འདབ་པ། སྡེ་དགེ། ལི་ཐང་བཅས་རྫོང5ཞིང་ཆེན་ཡོངས་ཨང་བཅུ་པའི་གྲས་སུ་ཚུད་པ་རེད།
ཕྱིན་ཆད་ལ་རང་ཁུལ་གྱིས་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་སྲུང་ཐུབ་པར་བརྩོན་ལེན་བྱས་ཏེ། ཆུའི་ཁོར་ཡུག་གིས་ས་ཁོངས་ཡོངས་ཀྱི་སྤུས་ཚད་ལེགས་ཚད་བརྒྱ་ཆ100ལ་ཟིན་པ་འགན་ལེན་བྱ་རྒྱུ་དང་། ས་རྒྱུ་སྲར་འགྱུར་ཁྱབ་ཁོངས་ཀྱིས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་བ་དང་སྐྱེ་ཁམས་སླར་གསོའི་ཁྱབ་ཁོངས་ཀྱིས་དོ་དམ་སྲུང་སྐྱོང་གི་ཞན་ཆ་གསབ་ནས་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱ་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)
