ཞིང་ལས་སྟོབས་ཆེན་ཡིན་ན་ཞིང་ཆེན་དང་རྒྱལ་ཁབ་གཞི་ནས་དར་ཞིང་རྒྱས་ཐུབ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་མོར་མགྱོགས་སུ་བསྐྲུན་དགོས་པ་ཁ་གསལ་བཏོན་ཅིང་། དེ་ནི་སི་ཁྲོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བའི་འགན་འཁྲི་ཡིན་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་མཐིལ་ཚད་བརྟན་པོར་སྲུང་བ་དང་ཞིང་ལས་ཞིང་ཆེན་ཆེན་པོ་དེ་ཞིང་ལས་ཞིང་ཆེན་སྟོབས་ཆེན་དུ་མཆོང་བརྒལ་ཡོང་བའི་འཐབ་ཇུས་བྱེད་ཐབས་ཀྱང་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་དར་རྒྱས་ནི་ཡུལ་སྡེ་དར་རྒྱས་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཡིན་ཞིང་དངོས་ཡོད་ལས་དོན་གྱི་འཇུག་སྒོ་ཡང་ཡིན་ཞེས་ནན་གསུང་གནང་། ཐོན་ལས་མེད་པའི་ཡུལ་སྡེར་མི་གཡང་འཁོར་དཀའ་ཞིང་ཤེས་ལྡན་མི་སྣ་ཚུགས་ཐབས་དེ་བས་མེད་ཅིང་། ཞིང་པའི་ཡོང་འབབ་འཕར་ལམ་རྒྱ་སྐྱེད་མི་ཐུབ་པ་དང་རིག་གནས་བྱེད་སྒོ་སྤེལ་དཀའ་བར་གྱུར། ཞིང་སྡེ་དར་རྒྱས་ཡོང་དགོས་ན་ཐོན་ལས་ནི་གནད་འགག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་མོར་བསྐྲུན་གང་ཐུབ་བྱ་དགོས་བཏོན་པ་དང་། 2026ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་མོར་བསྐྲུན་གང་ཐུབ་བྱ་དགོས་པའི་སྐོར་ལ་དམིགས་ནས་བཀོད་སྒྲིག་བྱས་ཡོད། སི་ཁྲོན་ལ་མཚོན་ན། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་མོར་མགྱོགས་སུ་བསྐྲུན་པར། དུས་རབས་གསར་པའི་ཆུ་ཚད་སྔར་བས་མཐོ་བའི་སི་ཁྲོན་འབྲུ་མཛོད་འཛུགས་པར་དམིགས་ནས། ཚན་རྩལ་ཞིང་ལས་དང་སྦག་མེད་ཞིང་ལས། སྤུས་ཚད་ཞིང་ལས། གྲགས་རྟགས་ཞིང་ལས་བཅས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱེད་ཅིང་། ཞིང་ལས་ཐོན་ལས་སྐྱེ་ཁམས་འཛུགས་ཤིང་ཐོན་ལས་འཁོར་འབྲེལ་གཙོ་བོ་སྟོབས་ཆེར་གཏོང་བ་དང་།ཐོན་ལས་གཉིས་པར་མཐུད་ཅིང་ཐོན་ལས་གསུམ་པར་སྦྲེལ་ཤུགས་ཆེ་རུ་གཏོང་ཞིང་། མཁོ་སྤྲོད་འགན་སྲུང་ཆེ་བ་དང་ཚན་རྩལ་འདེགས་སྐྱོར་ཆེ་བ། ཚོང་གཉེར་མ་ལག་ཆེ་བ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་ཞིང་ལས་ཞིང་ཆེན་སྟོབས་ཆེན་བསྐྲུན་དགོས་པ་དེ་རེད།
ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་མོར་མགྱོགས་སུ་བསྐྲུན་པར་འབྲུ་རིགས་ཉེན་མེད་ནི་འགན་འཁྲི་དང་པོ་ཡིན། འབྲུ་རིགས་ཉེན་མེད་ནི་རྒྱལ་ཁབ་ཀྱི་དོན་ཆེན་དང་ཇུས་ཆེན་ཡིན་ལ་ཞིང་ལས་དེང་རབས་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱི་འབྲུ་རིགས་ལོ་བསྟུད་མར་ལོ་ལེགས་བྱུང་ཡང་འབྲུ་རིགས་ཐོན་སྐྱེད་མཁོ་སྤྲོད་དོ་སྙོམས་པ་ཙམ་ཡོང་བའི་གནས་ཚུལ་རྩ་བ་ནས་འཕོ་འགྱུར་བྱུང་མེད།( པར་ངོས་གཉིས་པར་གཟིགས།)
