国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚན་རྩལ་གྱིས་མཐོ་སྒང་འབྲུ་མཛོད་བསྐྲུན།

དཀར་མཛེས་རྫོང་གིས་རིག་ནུས་ཞིང་ལས་ལ་བརྟེན་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་རོགས་དན་བྱས།

10363_02B_20260619མཐོ་སྒང་འབྲུ་མཛོད་དཀར་མཛེས་རྫོང་།

ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་བཏོན་པའི་ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་རྒྱག་པ་དང་རིག་ནུས་ཞིང་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། སི་ཁྲོན་ནུབ་བྱང་གི་མཐོ་སྒང་འབྲུ་མཛོད་ཅེས་པའི་མཚན་སྙན་ཐོབ་པའི་དཀར་མཛེས་རྫོང་གིས་སྲོལ་རྒྱུན་ཞིང་ལས་དེ་རིག་ནུས་ཞིང་ལས་ཕྱོགས་སུ་གཤོ་སྒྱུར་བྱས་ཏེ་ས་གནས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འཕེལ་རྒྱས་ཡོང་བར་ཤུགས་ཆེན་པོ་བརྒྱབ་ཡོད།

མཐོ་སྒང་གནམ་གཤིས་ཀྱིས་ཞིང་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ་དང་སྲོལ་རྒྱུན་འདེབས་འཛུགས་ཉམས་མྱོང་དང་མི་ཤུགས་ཁོ་ནར་བརྟེན་པའི་ཞན་ཆར་དམིགས་ཏེ་དཀར་མཛེས་རྫོང་གིས་སོན་བཟང་དང་། གོ་སྐབས་བཟང་པོ། ཐབས་ཤེས་བཟང་པོ། ས་ཞིང་བཟང་པོ་བཅས“བཟང་པོ་བཞི”མཉམ་འདྲེས་ཀྱི་འདེབས་འཛུགས་བྱེད་སྟངས་བཏོད་དེ་ཞིང་ལས་ཐོན་སྐྱེད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། སོན་བཟང་གསོ་སྐྱེད་ཐད་ས་གནས་དེ་གས་མ་དངུལ་སྒོར་ཁྲི1700ལྷག་བཏང་བ་དང་། ཞིང་དུད་ལ་ནས་དང་ཞོག་ཁོག་གི་སོན་བཟང་དང་། སྐྱེ་ལྡན་འདྲེས་སྦྱོར་ལུད་བཅས་སྤྲད་དེ་འབྱུང་རྩ་ནས་འདེབས་འཛུགས་ཀྱི་སྤུས་ཚད་འགན་ལེན་བྱས་པ་དང་། ཞིང་ལས་འཕྲུལ་ཆས་གསར་སྒྱུར་རིམ་སྤོར་ཐད་རྫོང་ཡོངས་ཀྱི་ལོ་ཐོག་རྨོ་འདེབས་དང་བརྔ་བསྡུ་ཕྱོགས་ཡོངས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ74.6ལ་ཟིན་པ་དང་། ནས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ85ལ་ཟིན་པས་ཞིང་ཆེན་ཡོངས་སུ་མཐོ་སྒང་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། དེ་དང་ཆབས་ཅིག་ཏུ་ས་གནས་དེ་གས་མི50ལྷག་ཡོད་པའི་ཞིང་ལས་ཆེད་ལས་ལག་རྩལ་གྱི་ལས་དོན་རུག་ཁག་བཙུགས་ནས་ཡུལ་ཤོག་དང་གྲོང་རྡལ་ཡོངས་སུ་ཁྱབ་པའི་ལག་རྩལ་མཛུབ་ཁྲིད་བྱས་པ་དང་། ཨང་ཀི་ཅན་གྱི་ཞིང་ལས་ལས་སྟེགས་དང་ཟོག་སྦྲེལ་དྲྭ་རྒྱའི་སྒྲིག་ཆས་ལ་བརྟེན་པ་དང་། ལྟ་ཞིབ་ཚད་ལེན་མ་ལག་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་ཞིང་ཁའི་དོ་དམ་གྲངས་གཞི་ཅན་དང་གནད་སྨིན་ཅན་དུ་བྱུང་བ་རེད།

རིག་ནུས་ཞིང་ལས་བེད་སྤྱོད་དོན་འཁྱོལ་ཐད་ཕན་འབྲས་མངོན་གསལ་ཐོབ་ཡོད། ཞིང་ལས་འདེབས་སྲུང་མི་མེད་འཕུར་ཆས་སོགས་རིག་ནུས་སྒྲིག་ཆས་ཀྱིས་རྨོ་འདེབས་ལས་ཕྱོད་ཆེས་ཆེ་རུ་ཕྱིན་པས་ཉིན་རེའི་ལས་སྒྲུབ་བྱེད་ཚད་མི་གེ་ལས་ཆེས་ཆེར་བརྒལ་བ་དང་། ལུད་དང་སྨན་རྫས་བེད་སྤྱོད་བྱེད་ཚད་མཐོ་རུ་ཕྱིན་ཡོད། འདེབས་འཛུགས་ཀྱི་མ་གནས་རྒྱུན་མཐུད་ངང་ཆག་སྟེ། ནས་མུའུ་རེའི་ས་བོན་སྤྱོད་ཚད་དང་ཕྱོགས་བསྡུས་འདེབས་འཛུགས་ཀྱི་མ་གནས་མངོན་གསལ་ཆག་པ་དང་། འབྲུ་རིགས་ཐོན་ནུས་བརྟན་པོའི་ངང་འཕར་བས་རྫོང་ཡོངས་ཀྱི་ནས་མུའུ་རེའི་ཐོན་ཚད་ཆེས་ཆེར་འཕར་ཡོད། ད་དུང་རིག་ནུས་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་བཏང་ནས་དམའ་མཁའ་དཔལ་འབྱོར་དང་དེང་རབས་ཞིང་ལས་མཉམ་འདྲེས་ཟབ་མོ་ཡོང་བར་བསྐུལ་ཏེ། ཆེད་ལས་འཕུར་སྐྱོད་པ་དང་ཞིང་ལས་ལག་རྩལ་ཞབས་ཞུ་སོགས་ལས་རིགས་གསར་པ་དང་ལས་རྣམ་གསར་པ་ཆགས་པས་མཐོ་སྒང་ཞིང་ལས་དེང་རབས་ཅན་དུ་རིམ་སྤོར་བྱུང་ཡོད།

རྗེས་མར། དཀར་མཛེས་རྫོང་གིས་མུ་མཐུད་དེ་ཞིང་ལས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཨང་ཀི་ཅན་གྱི་ཞིང་ལས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནས་ཀྱི་ཁྱད་ལྡན་ཐོན་ལས་འབྲེལ་ཐག་རྒྱ་སྐྱེད་དང་སྟོབས་ཆེར་གཏོང་བ། མུ་མཐུད་དེ་ཞིང་ལས་སྤུས་ཚད་དང་ནུས་པ་ཆེ་རུ་གཏོང་ཞིང་། ཡུལ་སྡེ་འཚོ་སྡོད་སྐྱིད་པ་དང་ལས་ཞུགས་ལས་གཏོད་བདེ་བ། ཞིང་པ་འབྱོར་ཕྱུག་སྐྱིད་སྣང་ཁེངས་པ་བྱ་རྒྱུ་ཡིན་པ་རེད།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)