《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན240པའི་གཏན་འབེབས་གཞིར་བཟུང་སྟེ། བུད་མེད་དང་བྱིས་པ་བསླུ་འཚོང་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ5ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་ཡང་གཅད་རྒྱུ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་དུས་བཀག་བཙོན་འཇུག་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅད་རྒྱུ་དང་། དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཀྱང་གཅད་རྒྱུ། ནག་ཉེས་ཚབས་ཆེ་བའི་རིགས་ལ་སྲོག་ཁྲིམས་གཅད་རྒྱུ་དང་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཀྱང་གཅད་རྒྱུ་སྟེ།
གཅིག། བུད་མེད་དང་བྱིས་པ་བསླུ་འཚོང་ཚོགས་པའི་ཉེས་ཅན་གཙོ་བོ།
གཉིས། བུད་མེད་དང་བྱིས་པ་མི3ཡན་བསླུ་འཚོང་བྱས་པའི་རིགས།
གསུམ། བསླུ་འཚོང་བྱས་པའི་བུད་མེད་ལ་ལོག་གཡེམ་བྱས་པའི་རིགས།
བཞི། བསླུ་བྲིད་དང་བཙན་ཤེད་ཀྱིས་བུད་མེད་ལ་སྨད་འཚོང་བྱེད་དུ་བཅུག་པའམ་ཡང་ན་བསླུ་འཚོང་བྱེད་བཞིན་པའི་བུད་མེད་དེ་མི་གཞན་ལ་བཙོངས་ནས་བཙན་ཤེད་ཀྱིས་སྨད་འཚོང་བྱེད་དུ་བཅུག་པའི་རིགས།
ལྔ། ཕྱིར་འཚོང་དམིགས་ཡུལ་དུ་བཟུང་ནས་དྲག་ཤུགས་དང་བཙན་ཤེད། ཡང་ན་སྦྲིད་ཐབས་བཅས་ལ་བརྟེན་ནས་བུད་མེད་དང་བྱིས་པ་བཙན་ཁྲིད་བྱས་པའི་རིགས།
དྲུག། ཕྱིར་འཚོང་དམིགས་ཡུལ་དུ་བཟུང་ནས་ཕྲུ་གུ་དམར་འབྱར་དང་བྱིས་པ་བརྐུས་པའི་རིགས།
བདུན། བསླུ་འཚོང་བྱས་པའི་བུད་མེད་དང་བྱིས་པའམ་དེའི་གཉེན་ཉེར་རྨས་སྐྱོན་ཚབས་ཆེན་དང་ཤི་སྐྱོན་བཟོས་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་པའི་རིགས།
བརྒྱད། བུད་མེད་དང་བྱིས་པ་ཕྱི་རྒྱལ་དུ་བཙོངས་པའི་རིགས་བཅས་ཡིན།
བུད་མེད་དང་བྱིས་པ་བསླུ་འཚོང་ཞེས་པ་ནི་ཕྱིར་འཚོང་དམིགས་ཡུལ་དུ་བཟུང་ནས་བུད་མེད་དང་བྱིས་པར་མགོ་སྐོར་དང་བཙན་ཁྲིད། བསླུ་ཉོ། ལྐོག་འཚོང་། བསུ་བ་དང་སྐྱེལ་མ། བར་བརྒྱུད་བཅས་བྱེད་པའི་བྱ་སྤྱོད་ལས་རིགས་གཅིག་ཡོད་པ་ལ་ཟེར།། (ཀུན་དགས་བསྡུས།)
