国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲན་གདུང་གི་ངག།

སེམས་གངས་དཀར་གྱི་མེ་ལོང་ངོས་སུ།།

ཞལ་མེ་ཏོག་གི་གཉེར་མ་བབས་ཤིང་།།

ངག་སྨྲ་འཇམ་གྱི་བདུད་རྩི་འཁྱིལ་བའི།།

སྲོག་དམར་པོ་འདྲའི་མི་གཉིས་དྲན་བྱུང་།།

སྤྱིར་འཇིག་རྟེན་འདི་ཁ་རྒྱ་ཆེ་ལ།།

སྒོས་མི་ཚོགས་ཀྱི་རྡུལ་ཕྲན་འཚུབ་ཀྱང་།།

ལས་སྨོན་ལམ་གྱི་དར་དཀར་སྦྲེལ་བའི།།

ཤ་མཆིན་པ་འདྲའི་མི་གཉིས་འཕྲད་བྱུང་།།

འདང་མེ་ཏོག་གི་འདབ་མ་རྒྱས་ཤིང་།།

ཞེ་དུང་བ་ཡི་ཟེའུ་འབྲུ་སྨིན་པའི།།

ཚེ་འདི་ཕྱི་ཡི་ས་མཚམས་ཤིག་ནས།།

སྐྱིད་ཉི་མ་འདྲའི་མི་གཉིས་དྲན་བྱུང་།།

དགུང་སྐར་རྒྱན་གྱིས་ཞྭ་མོ་བྱས་ཤིང་།།

གངས་བ་མོ་གཉིས་ལྷམ་ཆུང་བྱས་ཏེ།།

ནམ་ཉིན་མཚན་མེད་པ་ངང་བྲེལ་བའི།།

སྙིང་ལོག་ལོག་འདྲའི་མི་གཉིས་དྲན་བྱུང་།།

དགུན་ལྷགས་ངར་གྱི་ཁྲོད་ན་གནས་ཤིང་།།

དབྱར་ཆར་ཆུ་ཡི་གསེང་ན་འཁོར་བའི།།

ལོ་ཟླ་བ་ཡི་འཁོར་སྐྱོད་འདྲ་བའི།།

གཞིས་འཁོར་བ་ཡི་མི་གཉིས་དྲན་བྱུང་།།

སྡུག་མཆི་མའི་གླུ་མཉམ་དུ་ལེན་ཞིང་།།

སྐྱིད་དགོད་སྒྲ་ཡི་ཞེ་སེམས་གཅིག་པའི།།

ཞེ་སྤྲིན་དཀར་གྱི་མངལ་དུ་ཞུགས་པའི།།

མིག་ཁྲ་ཆུང་འདྲའི་མི་གཉིས་དྲན་བྱུང་།།

མིང་དངོས་མ་ཡང་ཐད་བརྗོད་མི་བྲ།།

ཞལ་སྒོར་སྒོར་གྱི་ཐད་ཀར་མི་འཛུམ།།

ཕྱག་པད་དཀར་གྱིས་ང་རང་སྐྱོར་བའི།།

སྙིང་གསོན་པོ་འདྲའི་མི་གཉིས་དྲན་བྱུང་།།

ཚིག་ཁ་དན་གྱི་ཐམ་ཁ་མ་བྲིས།།

མནའ་དམ་ཚིག་གི་འབྲེལ་བ་མ་བཞག།

ཚེའི་བླ་མཁར་གྱི་སྒོ་ཆེན་སྲུང་བའི།།

ལྷ་ཆོས་སྐྱོང་འདྲའི་མི་གཉིས་དྲན་བྱུང་།།

ནང་ཀུན་གཞི་ཡི་བག་ཆགས་ཟབ་མོས།།

ཕྱིའི་ཚོགས་དྲུག་གི་སྨིག་རྒྱུ་འཚོལ་ཞིང་།།

སེམས་ཕྱི་ནང་གི་ཚོར་འདུ་རྒོད་པའི།།

ཚིག་སྙན་ངག་འདྲའི་མི་གཉིས་དྲན་བྱུང་།།

ལུས་ཟུངས་ཁྲག་གིས་རྣམ་ཤེས་སྲུང་ཞིང་།།

སེམས་སངས་རྒྱས་ཀྱི་མིག་གིས་འཚོ་བའི།།

དྲིན་ཕ་མ་ཞེས་རླབས་ཆེན་དེ་གཉིས།།

ངའི་ཚེ་སྲོག་འདིའི་ཡན་ན་བཞུགས་ཡོད།།

༼ འོད་འཛིན་མ། ༽