སྣང་བ་གང་དུ་ཐོགས་པའི་དུས་ཀྱི་ནམ་ཟླ་ལས།།
ཆོ་འཕྲུལ་སྣ་ཚོགས་རྡོལ་བ་ལས་ཀྱི་བཀོད་པ་ཞིག།
ཡིད་སྙིང་འགྱུར་བའི་དུས་ནས་ད་ལྟར་མ་ཐུག་བར།།
ངང་ཚུལ་རེས་གསལ་རེས་མོག་ཅི་ཞིག་མཚོན་པ་ལ།།
ངག་རིག་ཀློང་དུ་འཛུམ་པ་སྤྲོས་པའི་བུ་མོ་ཡང་།།
སྟོན་ཁའི་སྤྲིན་པ་ཇི་བཞིན་རྒྱང་རིང་རྒྱང་དུ་གཡོ།།
སྨུག་པའི་མདངས་ལས་ཚོར་བའི་རྨི་ལམ་རིང་མོ་ནི།།
བས་མཐར་འཚོ་བའི་སྣེ་རུ་འདུན་པའི་མེ་ཏོག་ཅིག།
བརྩེ་བའི་རླབས་སུ་འཕྱོ་བ་ཡིད་ཀྱི་སྣང་བརྙན་ཡང་།།
བསིལ་གྲིབ་ཟླ་བའི་འཛུམ་དང་བར་ཐག་མེད་པ་དེ།།
ཉམས་ཀྱི་སྟངས་སྟབས་བོར་བ་སྤྲོས་པའི་བུ་མོ་ནི།།
སྣང་སེམས་འཁྲུལ་བ་ཞིག་ལས་ཅི་ཡང་མངོན་པ་མེད།།
ལས་རླུང་བར་མེད་རྒྱུད་ཅིང་འཚོ་བའི་ཞལ་རས་ལ།།
མཐོང་བ་རི་དྭགས་མིག་ཀྱང་རྟག་ཏུ་གཡོ་ཞིང་རྒྱུད།།
སྒྱུ་འཕྲུལ་ཟླ་བའི་གཟུགས་རིས་གློ་བུར་ཚོན་གྱིས་བསྒྱུར།།
འཆར་ཡན་སྟོང་པའི་ངང་ལས་སྣ་མང་སྣང་བ་འབྱུང་།།
འདི་ནི་གཟོད་ནས་བཅོས་ཤིང་སྤྲོས་པའི་སྤྲོས་པ་ཡང་།།
རྨི་ལམ་ལྷ་ཁང་དབུས་སུ་བདག་ཡིད་དལ་གྱིས་བཞུད།།
གློ་བུར་འགྱུར་བའི་གཉེར་མ་རང་གི་གདོང་ལ་དེད།།
མི་རྟག་སྒྱུ་མའི་འགྲོས་ལས་སྣང་བ་རྒྱང་དུ་འཁྱམས།།
སྣ་ཚོགས་སེམས་ཀྱི་མེ་ལོང་སྡིག་དང་སྒྲིབ་པས་གང་།།
སྤྲོས་པའི་ལས་མཐུན་གསེང་དུ་ངག་རིག་གང་ལ་རྒྱུད།།
བཅོས་བཅོས་བཟོ་ལྟ་འོག་ནས་འཚོ་བ་རེ་རེས་ཀྱང་།།
རྨི་ལམ་ཞིམ་པོ་ཞིག་གམ་སྤྲོས་པའི་སྣང་བརྙན་ཡིན།།
ཚིག་དང་ཚིག་གི་གདངས་ལས་སྨྲ་བ་ཡིད་དུ་ཆགས།།
སྣ་ཚོགས་རི་མོའི་མཛེས་པ་སྒྱུ་འཕྲུལ་ཇི་བཞིན་དུ།།
རྣམ་རྟོག་དལ་གྱིས་ཁྲིད་དེ་སྟོང་སྣང་རིང་མོ་འཁོར།།
འཁོར་བ་འཁོར་བའི་གྲོང་དུ་ཡང་ཡང་འཁོར་བ་ལ།།
རང་བྱུང་སྤྲོས་པའི་བུ་མོས་སྣང་བ་རྒྱང་དུ་འཐེན།།
རྫུན་དང་ཀུན་རྫོབ་ཀློང་ནས་སྲོག་ཐག་ཆད་འགྲོ་འམ།།
༼ ཁམས་འོད་གསལ། ༽
