དྲིན་མ་ལོ་ཤི་ནས་ལོ་གསུམ་སོང་།།
ངའི་སེམས་པ་ད་དུང་སྐྱོ་ཞིང་གདུང་།།
ད་ལོ་རེ་ཟླ་རེ་ཞག་རེ་བཞིན།།
དྲིན་མ་ལོ་ཇེ་དྲན་ཇེ་དྲན་རེད།།
ང་བྱིས་པ་ཡིན་པའི་དབྱར་དུས་སུ།།
ངའི་མ་ལོས་འབྲི་མོ་བཞོས་བཞོས་ཏེ།།
དཀར་འོ་མའི་འོ་སྤྲིས་ཡོད་དོ་ཅོག།
ངེད་མིང་སྲིང་གསུམ་ལ་སྟེར་བ་དྲན།།
སྟོན་འབྲུ་དྲུག་བསྡུ་བའི་རྫོགས་ལྡན་དུས།།
ངའི་མ་ལོས་དཀའ་ཚེགས་འཛེམ་མེད་དུ།།
ནས་རྒུམ་བུ་མང་པོ་བསྡུས་བསྡུས་ཤིང་།།
ཆན་བཙོས་ཏེ་ང་ཚོར་བླུགས་པ་དྲན།།
དགུན་སྟག་མོ་འདྲ་བའི་གྲང་ངར་དུས།།
ངའི་མ་ལོས་ཁྱིམ་ལས་གཉེར་དང་ལྷན།།
བལ་འཁེལ་འཐག་བྱ་བ་དམ་བཟུང་སྟེ།།
བུ་ང་ལ་སྤུ་བཏགས་དྲུབས་པ་དྲན།།
དཔྱིད་སྐྱ་ཆད་སྔོ་རྡུགས་དུས་སྐབས་སུ།།
ངའི་མ་ལོས་གྲོ་མ་བཙོས་གྱུར་ཅིང་།།
དེ་སྦྲང་དཀར་རྩམ་པ་དང་བསྡོངས་ནས།།
བུ་ང་ལ་བྲོ་ཆས་འདོགས་པ་དྲན།།
ལོ་རེ་བཞིན་གནམ་ལོ་གསར་ཚེས་ལ།།
ངའི་མ་ལོས་ང་ཅག་དགའ་སྐྱིད་ཆེད།།
སྦྲང་བུ་རམ་རྒྱ་མ་ཁ་ཤས་ཉོས།།
མོ་རང་གིས་གཅིག་ཀྱང་ཟ་མི་བྲ།།
ཟས་གང་ཞིམ་ང་ཚོ་གསུམ་ལ་སྦྱིན།།
གོས་གང་ཡག་ང་ཚོ་གསུམ་ལ་སྐོན།།
དེས་མི་ཚད་འབའ་ཡང་ཁ་ཤས་བཅའ།།
ད་འདི་ཚོ་ཇེ་དྲན་ཇེ་དྲན་རེད།།
ངའི་མ་ལོའི་འཛུམ་མདངས་ལྷག་ཏུ་མཛེས།།
ངའི་མ་ལོ་རྟག་པར་དགོད་ཁ་སྐྱེན།།
ངའི་མ་ལོས་ང་ལ་སྟེར་བ་ཀུན།།
ངས་ནམ་ཡང་ཇེ་དྲན་ཇེ་དྲན་རེད།།
ངའི་མ་ལོ་ཧ་ཅང་འཇམ་པོ་ཡིན།།
བུ་ང་ལ་ཐལ་ལྕག་གཞུས་མྱོང་མེད།།
བྱམས་བརྩེ་བའི་ཚད་དེ་གཞལ་ཐབས་བྲལ།།
ངས་ནམ་ཡང་ཇེ་དྲན་ཇེ་དྲན་རེད།།
ངའི་མ་ལོས་ང་ཚོའི་ལམ་འགྲོ་ཆེད།།
སྔགས་ ་བསྙེན་པ་བཟླས་པ་ཡང་།།
གྲངས་བགྲང་གིས་མི་ལང་ཆེས་མང་བས།།
སྙིང་རྗེ་ནས་འདུག་ཅིག་མི་ཐུབ་བོ།།
ངའི་མ་ལོ་ནད་ཀྱིས་བཟུང་སྟེ་ཐལ།།
ངས་སྨན་ཁང་ཆེན་པོར་ཁྲིད་ནས་ནི།།
སྲོག་སྐྱོབ་པའི་ཐབས་ལ་བརྩོན་མོད་ཀྱང་།།
སྐྱོབ་མ་ཐུབ་ཤི་བས་སྡུག་བསྔལ་ཆེ།།
ལོ་གྱ་གསུམ་ཕྱི་མར་མ་སོང་བར།།
ངའི་མ་ལོས་ང་ཚོར་མ་ལོ་ལས།།
མིང་དངོས་སུ་བོས་པ་ཐེངས་གཅིག་མེད།།
འདི་བསམ་ཞིང་བསམས་ན་སེམས་པ་སྐྱོ།།
ལོ་བརྒྱ་ལྷག་ལོན་པའི་རྒན་པ་ཚོ།།
སྐྱིད་འཚོ་བའི་གསར་འགྱུར་མཐོང་བ་ན།།
ངའི་སེམས་པ་རྦབ་རྡོ་འདྲིལ་བ་འདྲ།།
ངའི་མ་ལོ་ཡོད་ན་ཅི་མ་རུང་།།
གནམ་ཉི་མ་དེ་རིང་ནུབ་ན་ཡང་།།
སང་སྔ་མོ་སླར་ཡང་ཤར་ནས་འོང་།།
ངའི་མ་ལོ་ཁྲི་གདུགས་ཉི་མ་ནི།།
ནུབ་ཟིན་པ་ནམ་ཡང་འཆར་རྒྱུ་མེད།།
དྲིན་མ་ལོའི་རྩིབ་ཀྱི་བདེ་སྐྱིད་དོ།།
རྒྱུ་དངོས་པོ་གང་གིས་ཁུག་པ་མིན།།
ད་འཚོ་བའི་ཆ་རྐྱེན་ཆེས་བཟང་ཡང་།།
མ་འཚོ་བའི་དུས་འདྲ་མི་སྐྱིད་གི།
དབྱར་མེ་ཏོག་བཞད་ཚེ་མ་ལོ་དྲན།།
མ་ནགས་བྲན་གེ་སར་རྩྭ་ཐང་དུ།།
ངེད་མ་བུ་ལྷན་དུ་འཛོམས་གྱུར་ཏེ།།
ཡུལ་ཚོ་བའི་རྟ་རྒྱུག་རོལ་བ་དྲན།།
རང་ཁྱིམ་དུ་སོང་ཚེ་དེ་བས་དྲན།།
ནངས་སྔ་མོ་ལངས་ནས་ཇ་བསྐོལ་ཅིང་།།
ཟས་ཅི་ཡོད་ང་ལ་ཁྱེར་འོངས་ནས།།
ད་མ་ལོ་ཐུངས་ཤིག་ཟེར་བ་དྲན།།
ལོ་གསར་པ་ཤར་ཚེ་ལྷག་ཏུ་དྲན།།
འཛུམ་དམུལ་ལེ་རང་ཁྱིམ་དྲོད་ཁོལ་འཁྱིལ།།
དགའ་ལྷང་ངེར་ཉེ་སྐོར་མགྲོན་དུ་འགྲོ།།
ཚིག་རྩུབ་མོ་ཁ་ནས་ཐོན་མི་སྲིད།།
འབྲི་མཛོ་མོ་གསུམ་ལས་མེད་དུས་ཀྱང་།།
ངའི་མ་ལོས་མཆོད་མེ་ཀོང་བུ་རེ།།
དུས་རྒྱུན་ཆད་མེད་པར་སྦར་གྱུར་ཏེ།།
མ་འགྲོ་བའི་དོན་དུ་བསྔོ་བ་དྲན།།
ཟས་ཞིམ་པོ་ཟ་དུས་ལྷག་ཏུ་དྲན།།
ངའི་མ་ལོ་ད་དུང་མ་གྲོངས་ན།།
ངས་འདི་དག་མ་ལ་བཟར་བཅུག་ན།།
ཅི་མ་རུང་སྙམ་ནས་ཡང་ཡང་དྲན།།
མཚན་མར་ལ་ཉལ་དུས་ཤིན་ཏུ་སྐྱོ།།
དྲིན་མ་ལོ་མིག་ལ་ཡང་ཡང་འཁོར།།
ངའི་དྲན་གདུང་ཡིད་ཀྱི་རྦབ་ཆུ་དེ།།
མཚན་ཕྱེད་ཀ་འཇགས་པའི་དུས་མི་འདུག།།
ཚེ་མི་རྟག་ཀུན་ལ་འདྲ་མཉམ་པ།།
གནད་འདི་ནི་བདག་གིས་ལོས་ཤེས་ཏེ།།
ངའི་མ་ལོ་གྲོངས་པའི་སྡུག་བསྔལ་དེ།།
སེམས་གཏིང་ནས་བརྗེད་པ་མི་སྲིད་དོ།།
མ་དྲིན་ཆེན་ང་དང་ལྷན་ཅིག་ཏུ།།
ཁྱིམ་འདི་ན་ཡོད་པ་ཡང་ཡང་རྨིས།།
ཡར་སད་དུས་མ་ལོ་གང་ན་ཡོད།།
ཡང་སྐྱོ་བའི་མིག་ཆུ་དབང་མེད་ཤོར།།
བོད་མི་རིགས་ཡུལ་སྲོལ་ཇི་བཞིན་དུ།།
མ་འདས་པོའི་རྗེས་ལ་དགོས་པའི་ཆོས།།
ངས་སྤངས་བླངས་གཟབ་ནན་བྱས་མོད་ཀྱང་།།
མ་མེད་པའི་སྡུག་བསྔལ་སེལ་མ་ནུས།།
མས་ང་རང་གཅེས་སྐྱོང་མང་དྲགས་སོང་།།
ངས་མ་ལ་སྦྱིན་པ་ཉུང་དྲགས་སོང་།།
མའི་དྲིན་ལན་མ་སོད་བསོད་ཟད་ང།།
ད་ཅི་བྱ་གཏོལ་མེད་གྱུར་ཏེ་ཐལ།།
༼ འཁྱོག་འཇོམས། ༽
