རྒྱལ་ལམ318པར་རླངས་འཁོར་བསྐོར་ནས་འགྲོ་སྐབས་ནམ་མཁའ་སྔོ་ཞིང་དྭངས་པའི་འོག་ཏུ་མུ་མཐའ་མེད་པའི་རྩྭ་ཐང་སྔོ་ལྗང་གདན་དུ་བཏིང་ནས་གནམ་ས་གཞི་གཅིག་ཏུ་འདྲེས་འདུག། ལི་ཐང་རྫོང་མཁར་གྱི་གཞུང་ལམ་དུ་སླེབས་སྐབས་ཐག་རིང་གི་གྲལ་སྟར་འགྲིག་པའི་ཡི་གེ་དཀར་པོ་དེ་སྔོ་ལྗང་གི་རི་ལྡེབས་སུ་དེ་ལས་མངོན་གསལ་དོད་དུ་ཕྱིན་ཡོད། རླངས་འཁོར་ཉེ་སར་སླེབས་སྐབས་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ཡིག་འབྲུ་ཆེན་པོ་བཅུ་མིག་མདུན་དུ་གསལ་པོར་ཤར་བ་དང་། འགྲོ་འོང་བྱེད་མཁན་མང་པོ་ཞིག་གིས་ལག་ཁྱེར་ཁ་པས་པར་ལེན་བཞིན་འདུག། དེ་ནི་རྒྱལ་ལམ318པའི་ལི་ཐང་ལམ་མཚམས་ཀྱི་མཚོན་རྟགས་རང་བཞིན་གྱི་རི་གཟུགས་ས་རྟགས་ཞིག་ཏུ་གྱུར་ཡོད།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མ་གཞི་འདིར་ལི་ཐང་རྫོང་མཐོ་སྒང་གྲོང་རྡལ་ཐི་ར་རྙིང་པ་གྲོང་སྡེ་རེད། ཡུལ་མི་ཚོས་འགྲིམ་འགྲུལ་བསྐྲུན་པའི་གྲུབ་འབྲས་རླབས་པོ་ཆེ་ལ་དྲིན་ཚོར་མཚོན་ཆེད་གྲོང་ཁྱེར་ཕྱི་རོལ་གྱི་རི་ལྡེབས་སུ་རྡོ་དཀར་པོས་གོང་གི་ཡི་གེ་བཅུ་བྲིས་ཡོད་ལ། ད་ཆར་བདེ་སྐྱིད་འཚོ་བར་དྲིན་ཚོར་བྱེད་པའི་ཡུལ་མི་ཚོའི་སེམས་གཏིང་གི་སྐད་ཆ་རེད་འདུག།
ཐི་ར་རྙིང་པ་གྲོང་སྡེར་ཁྲོམ་ལམ་རྙིང་པ་ཞེས་ཀྱང་བརྗོད་ཀྱིན་ཡོད། 2019ལོའི་ཟླ་བ6པར་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་མིང་གཞུང་ཁག་ལྔ་པའི་ནང་ཚུད་པ་དང་འབྲེལ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ་བདམས་ཡོད། དེ་ནི་དེ་སྔར་ཧྲཱན་ཞི་ཚོང་པ་ཁམས་སུ་སྐྱོད་པའི་ཚོང་འདུས་གལ་ཆེན་ཞིག་ཡིན་ལ་རིག་གནས་མཉམ་འདྲེས་ཀྱི་རྨང་གཞི་ཟབ་མོ་ཡོད། གྲོང་སྡེའི་ནང་གི་བོད་ཁང་དག་རི་ལ་བརྟེན་ནས་བསྐྲུན་པ་དང་ལོ་རྒྱུས་ཡུན་རིང་ཡོད།
ཉེ་བའི་ལོ་ཤས་རིང་། ཐི་ར་རྙིང་པ་གྲོང་སྡེ་ཡིས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ལ་གཞི་བཙུགས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཐུན་མོང་དཔལ་འབྱོར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཞན་ཆ་འཚོལ་བ་དང་ཚན་རིག་དང་མཐུན་པའི་ཐབས་ལམ་བཀོད་དེ། མཐོ་སྒང་གནའ་གྲོང་གི་ཁྱད་ཆོས་ལྡན་པའི་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད། ད་ཆ་ཐི་ར་རྙིང་པ་གྲོང་སྡེའི་རྣམ་པ་གཙང་ཞིང་གྲལ་འགྲིག་པ་དང་དམངས་འཚོ་ལེགས་སུ་ཕྱིན་ནས་མཐོ་སྒང་གི་རིག་གནས་ཡུལ་སྐོར་གྱི་རླབས་རྒྱུན་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
ཁྲོམ་ལམ་རྙིང་པའི་རྣམ་པ་གསར་པ་དེ་ལོ་རྒྱུས་
ཚོང་འདུས་ནས་རིག་གནས་ཡུལ་སྐོར་གྲོང་སྡེ་
གསར་པར་ཕྱོགས་སུ་བཏོད།
གནས་འདི་ནི་དེ་སྔར་གནའ་བོའི་ཇ་འདྲེན་བདལ་ལམ་གྱི་ས་ཚུགས་གལ་ཆེན་ཞིག་ཡིན་ལ། ཧྲཱན་ཞི་ཚོང་པ་ཁམས་སུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་ཀྱང་རེད། སྔོན་ཆད་མཐོ་སྒང་གི་གནམ་གཤིས་དང་ཐོན་ལས་རྐྱང་མ་སོགས་རྒྱུ་རྐྱེན་དུ་མའི་ཚོད་འཛིན་ཕོག་པའི་དབང་གིས་ཁྲོམ་ལམ་རྙིང་པ་ལོ་མང་རིང་ལ་འདམ་པས་གང་ཞིང་ས་ཁོད་མི་སྙོམས་པ་རེད། ད་ཆར་གྲོང་སྡེ་ཡོངས་སུ་བདེ་སྙོམས་སྲ་འགྱུར་གྱི་འགྲོ་ལམ་བསྐྲུན་པ་དང་།བོད་ལུགས་སྡོད་ཁང་གྲལ་འགྲིག་པོ་བསྐྲུན་ཡོད་ཅིང་། གད་སྙིགས་རིགས་དབྱེའི་སྒྲིག་བཀོད་གྲལ་སྟར་བསྒྲིགས་ནས་བཞག་ཡོད། ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་ལི་ཐང་དེ་བས་མཛེས་པ་ཞེས་པའི་བྱ་སྤྱོད་ལ་བརྟེན་ནས་གྲོང་སྡེ་དེས་སྡེ་ཚན་མང་པོ་དང་མཉམ་དུ་བཅོས་སྒྲིག་བྱས་ཏེ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཚོ་ཆུང་བཙུགས་ཤིང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱ་དགའ་ཆད་གཅོད་ལམ་སྲོལ་བཙུགས་ནས་དེ་སྔའི་འབགས་འཁྲུགས་ཞན་གསུམ་གྱི་རྣམ་པ་རྙིང་པ་རྦད་དེ་མེད་པར་བཟོས་པ་རེད།
ད་ཆ་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཡུལ་སྐོར་ཡོང་མཁན་མང་དུ་ཕྱིན་ནས་ང་ཚོའི་འཚོ་བ་ཡང་སྔར་བས་སྐྱིད་པོ་བྱུང་ཡོད་ཅེས་ཡུལ་མི་བསྟན་འཛིན་དཔལ་མོས་འཛུལ་དམུལ་དམུལ་ངང་ནས་བཤད་པ་རེད། ཉེ་བའི་ལོ་ཤས་རིང་གྲོང་སྡེའི་འཕྲིན་གཏོང་དྲྭ་རྒྱ་ཁྱོན་ཡོངས་སུ་ཁེབས་པ་དང་འགྲོ་ལམ་ཁྱོན་ཡོངས་ནས་བདེར་བགྲོད་ཕྱིན་པ། སློབ་གསོ་དང་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་བསྲིངས་པར་མ་ཟད། རིག་གནས་ཡུལ་སྐོར་གྱི་ལམ་བུར་བསྐྱོད་ཐུབ་ཡོད།
ཡུལ་མི་ཚོར་རིག་གནས་ཡུལ་སྐོར་གྱི་ཁེ་བཟང་ཐོབ།
ང་ཚོའི་གྲོང་སྡེ་ལྗོངས་ཁུལ་དང་ཐག་ཉེ་བས་ད་ཆ་ལི་ཐང་རྫོང་དུ་ཡུལ་སྐོར་ཡོང་མཁན་མང་དུ་ཕྱིན་པར་མ་ཟད། ང་ཚོའི་གྲོང་སྡེར་ཡུལ་སྐོར་གྱི་ཁེ་བཟང་ཐོབ་པ་རེད་ཅེས་ཐི་ར་རྙིང་པ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་ཚེ་དབང་གིས་གསར་འགོད་པར་དེ་ལྟར་བཤད། 2023ལོ་ནས་བཟུང་གྲོང་སྡེ་དེས་སྔ་རྗེས་སུ་ཐུན་མོང་རྒྱུ་ནོར་གང་འགྲིག་དེ་སྤྱོད་བྱས་ཏེ། ཕེང་ཧྥེ་སྤྱི་གཉེར་ཁང་དང་མཉམ་ལས་ཀྱི་ལས་ཚན་ལ་ལོ་རེའི་བོགས་དངུལ་ཡོང་འབབ་སྒོར་ཁྲི26ལ་ཟིན་པ་དང་། གྲོགས་པོ་གླིང་གའི་བོགས་མར་གཏོང་ལེན་ལས་ཚན་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི18ལ་ཟིན། ཤར་རི་ཐང་གཡར་ནས་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི3ཙམ་ལ་ཟིན་པ་དེ་རྟ་ཐོག་ཡུལ་སྐོར་མྱོང་རོལ་ལས་ཚན་དུ་སྤྱད་པ་རེད།
2025ལོར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི47ལ་ཟིན་ནས་མཐོ་སྒང་གྲོང་རྡལ་གྱི་ཐུན་མོང་དཔལ་འབྱོར་ཡོང་འབབ་མང་ཤོས་ཀྱི་སྲིད་འཛིན་གྲོང་སྡེ་ཞིག་ཏུ་གྱུར། 2024ལོའི་ལོ་སྟོད་དུ་མི་རེའི་ཆ་སྙོམས་ཁེ་སྤོགས་སྒོར2800ལྷག་བགོས་ཡོད། ཡུལ་མིའི་མི་རེའི་ཆ་སྙོམས་ཡོང་འབབ2024ལོའི་སྒོར་ཁྲི1.2ནས2025ལོའི་སྒོར་ཁྲི1.6བར་འཕར་བ་དང་། དུད་ཚང་ཚང་མར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱུང་ཡོད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་མཐུན་མཛེས་གྲོང་སྡེའི་དར་སྲོལ་གྱིས་བཅོས་སྐྱོང་རྨང་གཞི་བརྟན་པོར་བཟོས།
གྲོང་སྡེ་ཡོངས་ཀྱི་ཏང་མི18ཀྱིས་སྣེ་ཁྲིད་དེ་ཁོར་ཡུག་བཅོས་སྒྲིག་དང་ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར་ཞབས་ཞུ་བཅས་ཀྱི་ཁྲོད་གདོང་ལེན་པ་དང་དཔེ་སྟོན་པ་བྱས་ཡོད། 2026ལོ་ནས་བཟུང་ཏང་མི་ལས་བྱེད་པས་སྣེ་ཁྲིད་དེ་གཅིག་བསྡུས་བཅོས་སྒྲིག་བྱས་ནས་གྲོང་སྡེའི་རྣམ་པ་དང་གཤིས་ཉམས་གཉིས་ཀ་ལེགས་སུ་ཕྱིན་ཡོད།
སྔོན་ཆད་འདམ་རྡུལ་གང་བ་ཞིང་ས་ཁོད་མི་སྙོམས་པའི་ཁྲོམ་ལམ་རྙིང་པ་ནས་ད་ཆའི་རིག་གནས་ཡུལ་སྐོར་གྱི་གྲོང་སྡེར་ཆགས་པའི་བར་དང་། ཐོན་ལས་ཉམས་ཞན་ནས་ཐུན་མོང་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བར་ཐི་ར་རྙིང་པ་གྲོང་སྡེ་ཡིས་རིག་གནས་དང་ཚོང་དོན། ཡུལ་སྐོར་ཟུང་དུ་སྦྲེལ་བའི་ཐབས་ལམ་སྤྱད་དེ། ཐོན་ལས་དང་རྨང་གཞིའི་འཛུགས་སྐྲུན། དམངས་འཚོ་བཅས་ཕྱོགས་ཡོངས་ནས་རིམ་པ་གསར་དུ་སྤར་ཡོད། མཐོ་སྒང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་སླད་ཕྱིན་གཞི་རིམ་ཏང་འཛུགས་སྐྱོང་ལ་གཙོ་གནད་ཐོག་ཤུགས་བསྣན་ཏེ། ས་གནས་དེ་གའི་རིག་གནས་ཡུལ་སྐོར་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་ཆབས་ཅིག། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་དམངས་སྲོལ་འཁྲབ་རྩལ། མྱོང་རོལ་ཅན་སོགས་ཀྱི་ཕྱོགས་ལ་དམིགས་ནས་ལས་རིགས་རྒྱ་ཆེར་བཏང་སྟེ། གནས་ཚང་ཐོན་ལས་ཚད་ལྡན་ཅན་དང་ཁྱད་ཆོས་ཅན་གྱི་འཕེལ་རྒྱས་བསྐུལ་རྒྱུ་ཡིན་ཞེས་བཤད་པ་རེད།
མཉམ་དུ་ཕྱུག་འབྱོར་བྱུང་ནས་ཡུལ་སྡེ་དར་རྒྱས་
གཏོང་བའི་དཔེ་རིས་གསར་པ་བྲིས།
འཛམ་གླིང་རིམ་པའི་ལི་ཐང་གནའ་གྲོང་སྟོང་སྡེ་ཕྱུག་མོའི་མཐོ་སྒང་གྲོང་རྡལ་གྱིས་གྲོང་སྡེ་སོ་སོ་འཁྲིད་དེ་ཡུལ་བབ་དང་བསྟུན་ནས་གླིང་ག་དཔལ་འབྱོར་དང་རྟ་ཐོག་ཡུལ་སྐོར། བོད་ལུགས་གནས་ཚང་སོགས་ལས་རིགས་འཕེལ་རྒྱས་བཏང་བ་རེད། 2024ལོར་གྲོང་རྡལ་ཡོངས་ཀྱི་གྲོང་སྡེ10ཡི་ཐུན་མོང་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི145ལ་ཟིན་པ་དང་། 2025ལོར་སྒོར་ཁྲི171ལས་བརྒལ་ཏེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ18འཕར་ཡོད། དེ་སྔར་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་མེད་པའི་གྲོང་སྡེ་ཉམས་ཞན་དེ་ཡང་རིག་གནས་ཡུལ་སྐོར་ཞབས་ཞུ་ལ་བརྟེན་ནས2025ལོར་ཡོང་འབབ་སྒོར་ཁྲི14.7འཕར་ཡོད།
གྲོང་སྡེ་ཚང་མར་ཐོན་ལས་ཡོད་པ་དང་གྲོང་སྡེ་ཚང་མར་ཁེ་བཟང་ཐོབ་པ། གྲོང་སྡེ་ཚང་མ་མཉམ་དུ་འཕེལ་རྒྱས་གཏོང་བ་ཞེས་པའི་མཐོ་སྒང་གི་ཡུལ་སྡེ་དར་རྒྱས་ཀྱི་རྣམ་པ་དེ་ལི་ཐང་རྫོང་མཐོ་སྒང་གྲོང་རྡལ་དུ་རིམ་བཞིན་མངོན་བཞིན་ཡོད། ཁྲོམ་ལམ་རྙིང་པ་ནས་གྲོང་འདུས། དེ་ནས་མཁའ་གྲོང་དུ་སོང་བས་ལི་ཐང་རྫོང་གི་རིག་གནས་དང་ཚོང་དོན། ཡུལ་སྐོར་ཟུང་དུ་སྦྲེལ་ནས་འཕེལ་རྒྱས་ཀྱི་ཐབས་ལམ་བཏོད་པར་མ་ཟད། ལོ་རྒྱུས་དང་འབྱུང་འགྱུར། གྲོང་ཁྱེར་དང་གྲོང་སྡེ། ཡུལ་སྐོར་དང་ཡུལ་མི་བཅས་སྦྲེལ་ཟམ་ཞིག་ཀྱང་བསྐྲུན་པ་རེད། གནའ་གྲོང་དེ་དེང་རབས་ཀྱི་ཡུལ་སྐོར་དང་འཕྲད་པས་ཐུན་མོང་དཔལ་འབྱོར་གྱིས་དུད་ཚང་ཚང་མར་ཕན་པ་ཐོབ།ཡུལ་སྡེ་དར་རྒྱས་ཀྱིས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་དཔལ་ཡོན། འཚོ་བ་ཕྱུག་འབྱོར་བཅས་ཀྱི་དུས་རབས་ཀྱི་ལེ་ཚན་གསར་པ་ཤིག་བྲིས་པ་རེད།། ( བདེ་ཆེན་གྱིས་བྲིས།)
