国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བྲག་རྫོང་གིས་གཞོན་ནུ་ལས་གཏོད་སྦྱོང་བརྡར་འཛིན་གྲྭ་བཙུགས།

ཉེ་ཆར།གུང་གཞོན་ཚོགས་པ་རོང་བྲག་རྫོང་ཨུ་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་འབྲེལ་ངང་གཉེར་བའི་གཞོན་ནུ་ཚོགས་པའི་ལས་གཏོད་ནུས་པ་ཆེར་འདེགས་སྦྱོང་བརྡར་འཛིན་གྲྭ་བཙུགས་པ་རེད།ལས་གཏོད་གཞོན་ནུ་དང་། སློབ་ཐོན་སློབ་མ། ལས་གཏོད་ལ་འདུན་པ་ཡོད་པའི་གཞོན་ནུ་སོགས་སྦྱོང་བརྡར་དུ་ཞུགས།

ཐེངས་འདིའི་སྦྱོང་བརྡར་ནི་གཞོན་ནུའི་ལས་གཏོད་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ནས། ས་གནས་ཀྱི་ཁྱད་ཆོས་ཡོད་པའི་འདེབས་འཛུགས་གསོ་སྤེལ་དང་། ཡུལ་སྡེ་ཡུལ་སྐོར། གློག་རྡུལ་ཚོང་དོན་ལས་གཏོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས།“དངོས་སྤྱོད། དངོས་འཐབ། དངོས་ཕན”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཏེ། ཆེད་བཟོས་མ་ལག་ཅན་དང་དམིགས་སའི་རང་བཞིན་ཆེ་བའི་ལས་གཏོད་སློབ་ཚན་བཀོད་སྒྲིག་བྱས་ཡོད། སློབ་ཚན་གྱི་ནང་དོན་དུ་ལས་གཏོད་སྲིད་ཇུས་འགྲེལ་བཤད་དང་། ལས་གཏོད་བསམ་བློ་གསོ་སྐྱོང་། ཁྲོམ་རའི་ཉེན་ཁ་དཔྱད་དཔོག། རྣམ་གྲངས་འཆར་འགོད་གཉེར་སྐྱོང་། ལས་གཏོད་དཔེ་མཚོན་དབྱེ་ཞིབ་སོགས་ཀྱི་ནང་དོན་གཙོ་བོ་ཚུད་ཡོད་པས། ཕྱོགས་ཡོངས་ནས་གཞོན་ནུའི་ལས་གཏོད་ཤེས་བྱའི་ཞན་ཆ་གསབ་པ་དང་ལས་གཏོད་དངོས་འཐབ་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

གཞོན་ནུ་ནི་གསར་གཏོད་དང་ལས་གཏོད་ཀྱི་གཙོ་ཤུགས་དང་སྟོབས་ཤུགས་ཡིན་པས། གཞོན་ནུའི་ལས་གཏོད་གསོ་སྦྱོང་ནི་ལས་ཞུགས་བརྟན་པོ་དང་། ལས་གཏོད་ལ་སྐུལ་འདེད། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། རོང་བྲག་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མུ་མཐུད་དེ་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་དང་། ལས་གཏོད་ཞབས་ཞུ་ལེགས་སུ་གཏོང་བ། དངུལ་བུན་རྒྱབ་སྐྱོར་དང་། ཁ་གསབ་རེ་ཞུ། རྣམ་གྲངས་གསོ་སྐྱོང་ཞབས་ཞུའི་ཐབས་ལམ་སོགས་གཞོན་ནུ་ལས་གཏོད་ལ་སྲུང་སྐྱོང་གང་ལེགས་བྱས་པ་རེད།

རྗེས་མར། གུང་གཞོན་ཚོགས་པ་རོང་བྲག་རྫོང་ཨུ་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མུ་མཐུད་དེ་སྡེ་ཚན་མཉམ་འགུལ་ཆེན་པོར་བྱ་རྒྱུ་དང་།རྒྱུན་རྣམ་ཅན་གྱི་གཞོན་ནུའི་ལས་གཏོད་གསོ་སྦྱོང་དང་།སྲིད་ཇུས་སྒྲོག་འགྲེལ། གླེང་སྟེགས་སྤེལ་རེས། ཐོན་ཁུངས་འབྲེལ་མཐུད་སོགས་ཀྱི་ཞབས་ཞུ་བྱས་ནས། གསོ་སྦྱོང་དང་མཛུབ་ཁྲིད། གསོ་སྐྱོང་། རོགས་སྐྱོར་བཅས་ཀྱི་གཞོན་ནུའི་ལས་གཏོད་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་རྒྱུ།ས་གནས་རང་གི་གཞོན་ནུ་ལས་གཏོད་ཤེས་ལྡན་པ་དང་གཞོན་ནུ་ལས་གཏོད་རྣམ་གྲངས་སྤུས་ལེགས་གསོ་སྐྱོང་རྒྱུན་ཆད་མེད་པར་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནམ་ཡང་ཟད་མཐའ་མེད་པའི་གཞོན་ནུའི་སྟོབས་ཤུགས་འདོན་སྤྲོད་བྱ་རྒྱུ་རེད།། ( ཨོ་རྒྱན་གྱིས་བསྒྱུར།)