དབྱར་ཟླ་དྲུག་པར་ལྕགས་ཟམ་རྫོང་གི་སྟོང་མུའུ་ཡི་ཏ་མ་ཧྲི་ཀེ་སྣུམ་བཟོ་རྒྱ་སེ་བསྡུ་ལེན་གྱི་ལས་ཀ་མཇུག་འགྲིལ་ལ་ཉེ་བ་དང་། ས་གནས་དེ་གའི་ཡུལ་མིས་རྒྱ་སེ་མེ་ཏོག་འདེབས་འཛུགས་དང་ལོ་ཏོག་གཞན་གྱི་འདེབས་འཛུགས་ལ་བརྟེན་ནས་ས་ཞིང་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་འབབ་འཕར་ཕྱུག་འགྱུར་བྱུང་།
ལྕགས་ཟམ་རྫོང་གིས་རི་ཁུལ་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་ཏེ་ཏ་མ་ཧྲི་ཀེ་སྣུམ་བཟོ་རྒྱ་སེར་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་འདེབས་འཛུགས་ཁྱབ་གདལ་བཏང་ནས་ཁྱད་ལྡན་གསར་དར་ཐོན་ལས་བཏོད་ཡོད། རྫོང་ཁོངས་ཀྱི་རྒྱ་སེ་མེ་ཏོག་འདེབས་འཛུགས་གཙོ་བོ་ལྕགས་ཟམ་གྲོང་རྡལ་མཚོ་ཁ་ཨ་ལུང་གྲོང་སྡེ་དང་དར་རྒྱས་གྲོང་རྡལ་གླང་སྒལ་རི་བོ་གྲོང་ཚོ་ཆེན་པོ་གཉིས་སུ་གཅིག་སྡུད་བྱས་པ་དང་། དེ་ལས་གླང་སྒལ་རི་བོ་གྲོང་སྡེ་ནི་འདེབས་འཛུགས་རྟེན་གཞི་གཙོ་བོ་ཡིན། གྲོང་ཚོ་དེས“ཁེ་ལས་དང་མཉམ་ལས་ཁང་། ཞིང་དུད”མཉམ་འབྲེལ་གྱི་རྣམ་པས་ཐར་ཐོར་གྱི་ས་ཆ་བསྡུ་སྒྲིལ་བྱས་ཏེ་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་བཏང་ཡོད། ལྕགས་ཟམ་རྫོང་གི་སྣུམ་བཟོ་རྒྱ་སེ་ཐོན་ལས་རྟེན་གཞི་ནི2025ལོར་སི་ཁྲོན་ཞིང་ཆེན“ཐེན་ཧྥུ་ནགས་ཚལ་འབྲུ་མཛོད”དེང་རབས་ཐོན་ལས་རྟེན་གཞིར་བདམས་ཐོན་བྱུང་ཡོད། དེ་ནི་ལོ་དེར་དཀར་མཛེས་ཁུལ་ལ་ངོས་འཛིན་གཏན་འཁེལ་བྱུང་བའི་ཐོན་ལས་རྟེན་གཞི་གཅིག་པུ་དེ་ཡིན།
ད་སྔར་ལྕགས་ཟམ་རྫོང་གིས་རྒྱ་སེ་མེ་ཏོག་ཐོན་ལས་འདེབས་འཛུགས་དང་། བསྡུ་ལེན། ཞིབ་ཚགས་ལས་སྣོན་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྒྲོམ་གཞི་བཙུགས་ནས་ཐོན་ལས་འབྲེལ་ཐག་རྒྱུན་མཐུད་ངང་སྐྱེད་སྲིང་བྱེད་བཞིན་ཡོད། ས་གནས་དེ་གས་འཕྲོད་བསྟེན་དུག་སེལ་ཐོན་རྫས་ཁག5ཞིབ་འཇུག་གསར་སྤེལ་བྱས་ཤིང་སྨན་ཁང་ཁག་གཅིག་ཏུ་སྤྱོད་བཞིན་ཡོད་ལ། དེ་དང་ཆབས་ཅིག་གཅེས་ཉར་སྲོག་ཆགས་ཀྱི་དུག་སེལ་གཤེར་ཁུ་སོགས་ཁྲོམ་ར་ཅན་གྱི་ཐོན་རྫས་གཏོད་བཞིན་ཡོད། ཐོན་ལས་དེས་ལོ་རེར་ཆ་སྙོམས་ལས་ཞུགས་ལས་གནས2000མཁོ་འདོན་བྱས་པ་དང་།ཡུལ་མི་ཚོ་ཐག་རིང་འགྲོ་མི་དགོས་པར་རང་གི་སྒོ་ཁ་ནས་ས་ཞིང་འཁོར་རྒྱུག་གི་བོགས་དངུལ་དང་ཞོར་ལས་ཀྱི་ཡོང་འབབ་ཐོབ་ནས་ཡོང་འབབ་འཕར་བར་མ་ཟད་ཁྱིམ་ཚང་ལ་ཡང་ལྟ་སྐྱོང་ཐུབ་པ་རེད།
རྒྱ་སེ་མེ་ཏོག་འདེབས་འཛུགས་བྱས་པ་དེས་ནུས་ལྡན་ངང་རི་རྒོད་ལྗང་འགྱུར་དང་ས་ཆུ་གསོ་སྐྱོང་བྱུང་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོའི་འབབ་འཕར་གཉིས་ཁེ་བྱུང་ཡོད། མིག་སྔར་ལྕགས་ཟམ་རྫོང་སྣུམ་བཟོ་རྒྱ་སེ་ཐོན་ལས་དེ་སྐྱེད་སྲིང་བྱེད་འགོ་འཛུགས་པའི་དུས་མཚམས་སུ་སླེབས་པ་དང་། འདེབས་འཛུགས་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ལས་སྣོན་ཐོན་རྫས་ཀྱི་ཁྲོམ་ར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས་ཐོན་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པ་རེད། ལྕགས་ཟམ་རྫོང་གིས་སྣུམ་བཟོ་རྒྱ་སེ་ཐོན་ལས་ལ་བརྟེན་ནས་སྐྱེ་ཁམས་དང་། ཐོན་ལས། དམངས་ཕྱུག་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཁྱད་ཆོས་ལྡན་པའི་ལམ་བུ་ཞིག་རྙེད་ཡོད།།
( སྐལ་བཟང་རྒྱ་མཚོ་བསྒྱུར།)
