国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུག་འགོག་ཐད་ཀྱི་རྒྱུན་ཤེས།

ཅི་ཞིག་ལ་དུག་རྫས་ཟེར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དུག་འགོག་བཅའ་ཁྲིམས》དང《ཉེས་ཁྲིམས》ཀྱི་གཏན་འཁེལ་ལྟར་ན། དུག་རྫས་ནི་ཉལ་ཐ་དང་ཧའེ་ལུའོ་དབྱིན། ཤེལ་དུག མ་ཧྥེ། སོ་མ་རཱ་ཙཱ། ཁོ་ཁ་དབྱིན་དང་རྒྱལ་ཁབ་ཀྱིས་དོ་དམ་ཚོད་འཛིན་བྱེད་པའི་གཞན་པའི་མི་རྣམས་ཆགས་ཞེན་བྱེད་དུ་འཇུག་པའི་སྦྲིད་བཟིའི་སྨན་རྫས་དང་དབང་རྩའི་སྨན་རྫས་ལ་གོ

དུག་རྫས་འཐེན་པ་ནི་ཉེས་གསོག་གི་བྱ་སྤྱོད་ཡིན་ནམ།

དུག་རྫས་ཁོ་ན་འཐེན་ན་ནག་ཉེས་སུ་མི་གྲུབ་པ་དང་། དེ་ནི་སྤྱིར་བཏང་གི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་ཤིང་། དུག་འཐེན་པའི་མི་དེར་བདེ་སྲུང་ཆད་གཅོད་དམ་དུག་གཅོད་ཁང་དུ་བཅུག་ནས་བཙན་ཤེད་ཀྱིས་དུག་གཅོད་དུ་འཇུག་སྲིད། གལ་ཏེ་ཐེངས་གཅིག་ལ་ཉོས་པའི་དུག་རྫས་ཀྱི་ཚད་ཁེ10ལས་བརྒལ་ན་ཁྲིམས་འགལ་གྱིས་དུག་རྫས་བཟུང་བའི་ནག་ཉེས་སུ་གྲུབ་སྲིད།

དུག་རྫས་ཉེས་གསོག་ལ་ཉེས་མིང་གང་དག་ཡོད།

1. དུག་རྫས་ལྐོག་འདྲེན་དང་། དུག་རྫས་འཚོང་བ། དུག་རྫས་སྐྱེལ་འདྲེན། དུག་རྫས་བཟོ་བ་བཅས་བྱས་པའི་ནག་ཉེས།

2. ཁྲིམས་འགལ་གྱིས་དུག་རྫས་བཟུང་བའི་ནག་ཉེས།

3. དུག་རྫས་ཉེས་གསོག་ཉེས་ཅན་འགེབས་སྲུང་བྱས་པའི་ནག་ཉེས།

4. དུག་རྫས་སྦས་སྐུང་དང་། དུག་རྫས་སྤོ་སྒྱུར། དུག་རྫས་སྦས་སྐུང་། དུག་འཚོང་བ་བཅས་ཀྱི་ནག་ཉེས།

5. དུག་རྫས་བཟོ་བྱེད་ཀྱི་རྒྱུ་རྫས་ལྐོག་འདྲེན་བྱས་པའི་ནག་ཉེས།

6. ཁྲིམས་འགལ་གྱིས་དུག་རྫས་བཟོ་བྱེད་ཀྱི་རྒྱུ་རྫས་ཉོ་འཚོང་བྱས་པའི་ནག་ཉེས།

7. ཁྲིམས་འགལ་གྱིས་དུག་རྫས་ཐོག་མའི་རྩི་ཤིང་འདེབས་འཛུགས་བྱས་པའི་ནག་ཉེས།

8. ཁྲིམས་འགལ་གྱིས་དུག་རྫས་ཀྱི་གདོད་མའི་རྩི་ཤིང་གི་ས་བོན་དང་མྱུག་གུ་ཉོ་འཚོང་དང་།སྐྱེལ་འདྲེན། འཁྱེར་བ་བཅས་ཀྱི་ནག་ཉེས།

9. མི་གཞན་ལ་བསླུ་བྲིད་དང་། ངན་སྐུལ། མགོ་སྐོར་བཏང་ནས་དུག་འཐེན་དུ་བཅུག་པའི་ནག་ཉེས།

10. མི་གཞན་ལ་བཙན་ཤེད་ཀྱིས་དུག་འཐེན་དུ་བཅུག་པའི་ནག་ཉེས།

11. དུག་འཐེན་པའི་མི་བསྡུ་ཉར་བྱས་པའི་ནག་ཉེས།

12. ཁྲིམས་འགལ་གྱིས་སྦྲིད་སྨན་དང་དབང་རྩའི་སྨན་རྫས་འདོན་སྤྲོད་བྱས་པའི་ནག་ཉེས།

( མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་ནས་དྲངས།)