国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་རོང་རྫོང་གི་གྲོང་སྡེ་གཉིས་ལ་རྒུན་ཆང་ཁེ་ལས་ཀྱི་ལོ་ལྔའི་ཁེ་སྤོགས་སྒོར་ཁྲི50བགོས།

ཉེ་ཆར། སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་ཨ་ལི་སྒང་གྲོང་སྡེས་ཐུན་མོང་ཐོན་ལས་ཀྱི་ཁེ་བགོ་མཛད་སྒོ་འཚོགས་པ་རེད། སི་ཁྲོན་ཧྲེན་ཁྲོན་རྒུན་འབྲུམ་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ཝ་ཁ་གྲོང་རྡལ་ཨ་ལི་སྒང་གྲོང་སྡེ་དང་གཟི་ཡུལ་གྲོང་རྡལ་བྲག་གཡར་གྲོང་སྡེ་གཉིས་ལ2021ལོ་ནས2025ལོ་བར་གྱི་ལོ་ལྔའི་ཐོན་ལས་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང་། གྲོང་སྡེ་རེར་ལོ་ལྟར་ཁེ་སྤོགས་སྒོར་ཁྲི5རེ་ཐོབ་པ་དང་རིམ་རྩིས་བྱས་ན་ཁེ་སྤོགས་བགོས་དངུལ་སྒོར་ཁྲི50ལ་ཟིན་པ་རེད།

2020ལོར། གོང་གི་གྲོང་ཚོ་གཉིས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་དེ་སི་ཁྲོན་ཧྲེན་ཁྲོན་རྒུན་ཆང་ཚད་ཡོད་སྤྱི་གཉེར་ཁང་ནང་མ་རྐང་བཞག་སྟེ “མ་དངུལ་མ་རྐང་འཇོག་པ་དང་། མཐིལ་སྲུང་ཁེ་སྤོགས་བགོ་བའི”གྲོང་ཚོ་དང་ཁེ་ལས་མཉམ་ལས་ཀྱི་བྱེད་སྟངས་ཀྱིས་ཐུན་མོང་གི་བེད་མེད་མ་དངུལ་བེད་སྤྱད་ནས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་འབབ་འཕར་ཐབས་ལམ་སྣ་གཅིག་ཡིན་པ་དང་།འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་འདང་བའི་གནད་དོན་སེལ་ནས་ཁེ་ལས་འཕེལ་རྒྱས་དང་། ཐུན་མོང་འབབ་འཕར། མང་ཚོགས་ལ་ཁེ་ཕན་ཐོབ་པ་བཅས་ཀྱི་གཉིས་ཕན་རྣམ་པ་ཞིག་ཆགས་པ་རེད།

ས་གནས་དེ་གའི་འབྲི་ཆུ་འབབ་རྒྱུད་ཀྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་པའི་ཆ་ནས་སི་ཁྲོན་ཧྲེན་ཁྲོན་རྒུན་ཆང་ལས་རིགས་ཀྱིས་ས་གནས་ལ་གཞི་ཚུགས་པ་དང་ས་ཁོངས་ཀྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ས་ཆུ་དང་དྲོད་ཚད་ལ་བརྟེན་ནས་ཆང་བསྙལ་བྱེད་ཀྱི་རྒུན་འབྲུམ་འདེབས་འཛུགས་དང་རྒུན་ཆང་ལས་སྣོན་ཞིབ་ཚགས་བྱས་ཏེ་ཁྱད་ལྡན་གྱི་རྒུན་ཆང་ཐོན་རྫས་མང་པོ་བཟོས་པར་མ་ཟད། ཐོན་རྫས་ཀྱི་སྤུས་ཚད་བཟང་བས་རྒྱལ་ཕྱི་ནང་གི་ཆང་རིགས་འགྲན་བསྡུར་ཁྲོད་བྱ་དགའ་ཡང་མང་པོ་ཐོབ་པ་དང་།སྡེ་རོང་རྒུན་ཆང་གི་སྤུས་རྟགས་བཏོད་དེ་ས་གནས་དེ་གའི་རྒུན་འབྲུམ་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐོབ་ཡོད།

ཁེ་ལས་ཀྱི་འགན་ཁུར་བས་མ་འོངས་པར་མུ་མཐུད་དེ་གྲོང་ཚོ་དང་ཁེ་ལས་མཉམ་ལས་གཏིང་ཟབ་གཏང་བ་དང་། མཐོ་སྒང་ཁྱད་ལྡན་རྒུན་འབྲུམ་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་དང་དམངས་ཕྱུག་གི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་དེ་བས་མང་པོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)