( པར་ངོས་དང་པོར་མཐུད།)ཚོགས་འདུར་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་དང་། ཏང་ཨུ་དང་སྲིད་གཞུང་གི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་དམངས་འཚོའི་འགན་འཁྲི་ཞིག་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ“སྤྲོད་པ་གསུམ་དང་ཕན་པ་གཅིག”གི་སྤྱིའི་བླང་བྱ་རྒྱུན་འཁྱོངས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་སྤར་བ་དང་། དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས། ལས་དོན་དེ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱེད་པའི་སྤྱི་ཡོངས་ཁྲོད་དུ་བཞག་ནས་ཇུས་འགོད་དང་བསྐུལ་ཏེ། ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་སྤུས་འབྲས་སྤར་བ། ཞབས་ཞུ་ཇེ་ཡག་ཏུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་པ་རེད།
ཚོགས་འདུར་ནན་པོར་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་རེ་སྒུག་ལ་དམ་པོར་དམིགས་ནས། སེམས་རྣལ་དུ་ཕབ་སྟེ་བརྩེ་སེམས་ཆེན་པོས་དབང་པོ་སྐྱོན་ཅན་གྱི་འགན་སྲུང་དང་འཕེལ་རྒྱས་ནུས་པ་ཆེ་རུ་གཏང་དགོས། གཅིག་ནས་རོགས་སྐྱོབ་དེ་བས་གནད་ལ་འཁེལ་བ་བྱ་དགོས་པ་དང་། གཉིས་ནས་འཚོ་སྐྱོང་ཞབས་སྐྱོར་དེ་བས་དམ་ཚགས་ཡོང་བ་བྱ་དགོས། གསུམ་ནས་བདེ་སོས་ཀུན་ཕན་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནས་དམིགས་བསལ་སློབ་གསོ་སྔར་ལས་སྤུས་ལེགས་སུ་གཏང་དགོས། ལྔ་ནས་ལས་ཞུགས་སྔར་ལས་གང་ལེགས་ཡོང་བ་བྱ་དགོས། དྲུག་ནས་འཚོ་བ་དེ་བས་དྲོ་སྐྱིད་ལྡན་པ་ཡོང་བ་བྱ་དགོས།
ཚོགས་འདུར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་ཞིང་གྲུབ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ཁོར་ཡུག་བཟང་པོ་བསྐྲུན་ནས"འདྲ་མཉམ་དང་མཉམ་འདྲེས། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་འཇགས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་རོགས་རམ་བྱེད་པའི་འགྲིལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུར《དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་བདེ་སོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བའི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད།།
( བདེ་སྐྱིད་དང་རྒྱ་མཚོས་བསྒྱུར།)
