སྲིད་པ་ཆགས་པའི་གངས་ཀྱི་ཐོག་མ་སྟེ།།
རི་ཡི་རྒྱལ་པོ་ཨ་མྱེས་རྨ་ཆེན་ཞེས།།
གྲགས་པའི་སྙན་པ་ཕྱོགས་བཅུ་ཁྱབ་པ་ཡིས།
དད་ལྡན་པ་ཡང་ཡང་ཡང་འདུ་བར་བྱེད།།
རྨ་ཆེན་གངས་རི་གངས་ཀྱི་ཉིང་བཅུད་ཡིན།།
རྨ་ཆེན་གངས་རི་གནམ་སའི་ཀ་བ་ཡིན།།
རྨ་ཆེན་གངས་རི་རྨ་ཆུའི་འགོ་ཁུངས་ཡིན།།
རྨ་ཆེན་གངས་རི་གངས་ཀྱི་རྒྱལ་མོ་ཡིན།།
ཨ་སྐྱོང་མཆེད་གསུམ་གཡང་གི་ར་བ་ཡང།།
ཨ་མྱེས་རྨ་རྒྱལ་པང་ན་བཞུགས་པ་ཡིས།།
མཚན་ཡང་གཡང་གི་ར་བ་མགོ་ལོག་ཅེས།།
བསྔགས་བརྗོད་མེ་ཏོག་ཀུན་གྱིས་སྟོར་བར་བྱེད།།
གངས་རིའི་པང་ནས་ཤང་ཤང་བཞུར་བ་ཡི།།
དལ་འབབ་རྨ་ཀླུང་རིང་མོའི་ཆུ་རྒྱུན་གྱིས།།
བསྐྱངས་པའི་བོད་རྒྱ་མི་རིགས་བློ་བཀྲ་ཞིང་།།
མཐུན་སྒྲིལ་མེ་ཏོག་གཅིག་ཏུ་བཞད་པ་རྨད།།
གེ་སར་མིའི་སྒྲུང་སྙན་ངག་རིང་ཤོས་ཞེས།།
འབྱུང་སའི་ཡུལ་ཡང་རྨ་ཡུལ་མགོ་ལོག་སྟེ།།
དེ་ནས་འོང་པའི་ཨ་སྐྱོང་མཆེད་གསུམ་གྱི།།
ལོ་རྒྱུས་གཉེན་པོ་གཡུ་རྩེའི་མགུལ་ན་མཛེས།།
སྲིད་པ་གཏམ་གྱི་འགོ་ཁུངས་གླུ་སྣའི་མཛོད།།
རྨ་ཆུའི་མ་ཡུམ་དང་ཁ་བའི་ཕ་ས་ཞེས།།
སྙན་གཞུང་བསྟན་བཅོས་ཁག་ཁག་མ་གསུང་ཡང་།།
སྙན་མོ་ཚིག་གི་མཆོད་པ་བདག་གིས་འབུལ།།
རང་བྱུང་ཁོར་ཡུག་ལྟ་ན་སྡུག་པ་ཡིས།།
ལྷ་ཡི་སེམས་ཀྱང་དབང་མེད་བཀུག་བྱས་ཏེ།།
རྨ་རྒྱལ་མཐའ་ལ་འཆམ་འཆམ་ཕེབས་པ་ཡིས།།
ལྷ་ཡི་སྐྱེད་ཚལ་རྨ་ཡུལ་རྩྭ་ཐང་བྱུང་།།
མི་ཡི་སྒེག་མོས་ལྷ་ཡི་ཡིད་བཀུག་སྟེ།།
གསང་བའི་སྟབས་ཀྱིས་མཛེས་མར་གྲོས་མཐུན་ཏེ།།
མི་མངོན་ལྐོག་ནས་ལང་ཚོ་བླངས་པ་ཡིས།།
གདུང་རྒྱུད་ལྷ་ལས་མཆེད་པའི་ལྷ་སྒྲུང་བྱུང་།།
འོག་གི་ཀླུ་དབང་མི་མོའི་གཟུགས་ཆགས་ཏེ།།
གསང་བའི་ལམ་བརྒྱུད་མི་ཡུལ་ཕེབས་པ་ཡིས།།
རྨ་ཡུལ་བུ་མོར་བློ་མཐུན་གྲོགས་བསྒྲིགས་པས།།
གདུང་རྒྱུད་ཀླུ་ལས་མཆེད་པའི་ཀླུ་སྒྲུང་བྱུང་།།
ཕ་མེས་ཡང་མེས་ལྷ་ཀླུའི་སྒྲུང་དར་ཞིང་།།
བུ་རབས་ཚ་རྒྱུད་སྒྲུང་མཁན་སྒྲུང་པ་མང་།།
མེས་པོ་ལྷ་ལ་ལྷ་གསོལ་ལྷ་མཆོད་དར།།
གདུང་རྒྱུད་བུ་ལ་དཔའ་བོའི་དཔའ་རྩལ་རྒྱས།།
ལྷ་སྒྲུང་ཀླུ་སྒྲུང་གཏམ་རྒྱུད་རིང་མོ་ཡང་།།
མ་བསླབ་རང་བཞིན་སྐྱེ་བོའི་མགྲིན་ན་མཛེས།།
སྲིད་པ་རྒན་པོའི་གཏམ་རིང་གཏམ་ཐུང་ཡང།།
སྐྱེ་བ་ཕོ་མོའི་ཁ་ཡི་མཛེས་རྒྱན་ཡིན།།
ས་ནས་བྱུང་ཚད་གཉེན་པོ་སྨན་ཡིན་ཞིང་།།
གནམ་ནས་ཟག་ཚད་ཆར་པའི་རྒྱུན་ཡིན་ལ།།
མ་བཅོས་རང་བྱུང་བྲག་རིའི་རྡོར་འཁྲུངས་ཏེ།།
བརྒྱ་བྱིན་མིག་ཡངས་འཕྲོག་པའི་ས་ཡང་ཡིན།།
རྟ་མཆོག་རྨིག་སྒྲས་འཕྲུལ་འཁོར་ཟིལ་གནོན་ཞིང་།།
ལྗང་ནེར་སྤང་ལ་མེ་ཏོག་ལྷུག་པོར་བཞད།།
ཡུ་མོ་ཤྭ་དང་རྐྱང་རྒོད་རྟ་སོགས་ཀྱིས།།
རང་བྱུང་འབྱུང་བའི་ཁམས་ཀྱང་སྐྱེས་སྟོབས་འབར།།
གནས་མཆོག་དེ་ནི་རྨ་རྒྱལ་གཞིས་ཁྱིམ་སྟེ།།
ཆུ་བོ་བརྒྱ་དང་བརྒྱད་ཀྱི་མ་ཡུམ་ཡིན།།
ཤིང་སྣ་བརྒྱ་དང་དྲུག་ཅུའི་འབྱུང་ས་ཡིན།།
སྐྱེས་མཆོག་བརྒྱ་དང་བརྒྱད་ཅུའི་འཁྲུངས་ས་ཡིན།།
ཤིང་དང་ཤུག་པ་མ་བཏབ་རང་བྱུང་ཡིན།།
མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་ཡིན།།
མ་བསྐྲུན་རང་བྱུང་ནགས་ཚལ་དེ་ན་ཡོད།།
མ་བཅོས་རང་བྱུང་མཛེས་ལྗོངས་དེ་རུ་མཆིས།།
འབྱུང་བཞིའི་འདོད་དགུ་གནས་མཆོག་དེ་ནས་འབྱུང་།།
སྟག་ཤར་དཔའ་བོའི་དཔའ་རྩལ་དེ་ནས་ངོམ།།
སྨན་ཤར་མཛངས་མའི་སྒེག་ཉམས་དེ་ནས་ངོམ།།
རིག་པ་སྤྱང་བའི་བུ་ཆུང་དེ་ནས་བྱུང་།།
༼ གཡུང་དྲུང་ཚེ་རིང་། ༽
