国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཏང་གི་འཁྲུངས་སྐར་ལ་ཕུལ་བའི་སྙན་ངག།

མི་འགྱུར་རྡོ་རྗེའི་སྲོག་གི་ཀ་ཆེན་མིག་གི་

དཔྱིད་དུ་ཆེར་བསླངས་ཤིང་།།

གཞན་ཕན་འོད་ཀྱི་དྲ་བ་ལྗང་ཁུ་འཛིན་མའི་ཁྱོན་ལ་

འཁྱུད་པ་ཡིས།།

རྡོ་དང་ཚེར་མའི་ལམ་བུ་སྟོང་ཕྲག་འདས་སོང་ཀློང་ལ་

བྱིངས་མོད་ཀྱི།།

དྲན་པའི་རྡོ་རིང་ངོས་སུ་འོད་དུ་འཚེར་བའི་

གཏམ་རྒྱུད་སྨུག་པོར་གྱུར།།

སྲིད་ཇུས་གསེར་གྱི་ཉི་འོད་འཇམ་པོ་ཁོ་ར་

ཁོར་ཡུག་འཕྲོས་པ་ན།།

མཐུན་པའི་དཔལ་བེའུ་དམ་དུ་སྦྲེལ་བའི་

མི་རིགས་ལྔ་དྲུག་བདག་ཉིད་ཅན།།

དགའ་སྐྱིད་བྲོ་གར་སེམས་ཀྱིས་རྡུང་བཞིན་ཚེ་ཡི་

སྙིང་པོར་འཇུག་པ་ནི།།

བསྟོད་པའི་རྒྱལ་མཚན་ཞིང་དུ་མཆོད་པའི་གཞི་མ་ག་

རེ་མ་ཡིན་གྲང་།།

སྲོག་གི་རྟ་རྔ་བསྡོས་པར་ཕེར་བའི་སྐྱེས་ཆེན་གསེར་རིའི་

ཕྲེང་བ་ཡིས།།

འབད་པའི་གྲུ་ཁེམ་ཤེད་ཀྱིས་དཀྲུགས་པའི་

རེ་བའི་དཔང་བོའི་དན་རྟགས་སུ།།

མི་འཇིགས་ཁྲི་རུ་ཁ་ལོ་བསྒྱུར་བའི་ཀྲུང་ཧྭ་གསེར་ལྡན་

སྒེག་མོ་ཞེས།།

སྙན་པའི་བ་དན་ཕྱོགས་བཅུར་སྐྱོད་པས་

མཚོན་པར་སོམ་ཉི་ཅི་ལ་སྐྱེས།།

བཙན་པོའི་བདུད་ཀྱི་མཆུ་ཏོ་ནག་པོ་རྣོ་ངར་རལ་

གྲིས་འབྲེག་མཁས་ཅན།།

གཉོམ་ཆུང་གདོང་གི་པདྨའི་དབུས་ལ་བརྩེ་བའི་

བྱིལ་བྱིལ་མ་ཆད་པའི།།

དྲང་བདེན་གསེར་གྱི་སྨིན་མ་ཕྲ་མོ་གཞར་ཡང་ཕྱོགས་

སུ་མ་ལྷུང་བའི།།

སུ་ཡི་མཛད་པའི་ཕྲིན་ལས་དཀར་པོ་ས་

ཆེན་འཛིན་མའི་རྒྱན་དུ་འཕུར།།

རིག་པའི་གནས་སུ་ཧུར་གྱིས་འཇུག་པའི་

ཨེ་མ་བསྐལ་པའི་ཐོབ་སྐལ་གཅིག།

ཆོས་ཀྱི་ཆོ་ག་ཕྱག་ལེན་མ་ལུས་རང་མོས་ཡིན་པའི་

ལམ་ལུགས་གཉིས།།

དམངས་ཀྱི་འཚོ་བ་ཉིན་རེར་རྒྱས་པའི་

འཕོ་འགྱུར་སྟོང་གི་ཧྲག་བར་ནས།།

རང་སེམས་སྐྱིད་པའི་གླུ་ཆུང་ལན་གསུམ་དབྱངས་ཀྱི་

ཁུགས་པར་དཀྲིས་ན་སྙམ།།

གཟིགས་དང་ལྟོས་དང་སྣོད་ཀྱི་བཀོད་པ་

ལྷ་ཡི་ཁང་བཟང་བསྒྲུན་པར་ནུས།།

ཉོན་དང་གསོན་དང་བཅུད་ཀྱི་སྐྱེ་འགྲོའི་

འཛུམ་ཞལ་པད་ཁ་གྲོལ་བ་ལ།།

བརྩོན་དང་འབད་དང་མ་འོངས་ལམ་གྱི་

འཇུག་ལམ་ཁོད་ནི་ཡངས་པ་ལ།།

ཀྱེ་མ་འདི་དག་བསམ་ཞིང་བསམས་ན་

ཚེ་ཡི་སྙིང་པོ་མཐོང་བར་འདྲ།།

དུས་ཀྱི་རྒྱུ་བ་རི་གཟར་ཆུ་བོ་བཞིན་དུ་རྔམ་གྱིས་

རྒྱུགས་ནའང་།།

དབུས་ཀྱི་ལྷ་ལྡན་ཉི་མའི་དྲུང་དུ་སྙིམ་པའི་

ལག་ཟུང་མཐོར་བཀྱགས་ཏེ།།

སེམས་ཀྱི་འདུན་མའི་སྨོན་ལམ་ལན་གསུམ་སྙིང་ནས་

བརྒྱབ་པའི་ས་བོན་གྱིས།།

བླ་ན་མེད་པའི་ཀྲུང་ཧྭའི་འབྱོར་ཕྱུག་ཛམ་བྷ་ལྷ་ཡིས་

སྲུང་བར་མཛོད།།

༼ ཞོ་ར་བསམ་འགྲུབ་རྒྱལ། ༽