国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞུ་འབུལ།

ཁྱོད་ཀྱིས་ཚན་རིག་བུ་ལོའི་རྩི་བཅུད་འཐུངས།།

ང་ཡིས་ནང་ཆོས་ལྷ་མོའི་བྱིན་རླབས་ཞུས།།

དཔྱད་བཟོད་རྫ་རི་ཐེག་པའི་བརྟན་ཚུགས་ལ།།

ཚེ་གང་བློས་འགེལ་བྱས་ན་ག་འདྲ་འདུག།

ཁྱོད་ཀྱིས་སེམས་ཅན་རྔོན་པའི་རྙི་རྒྱ་བཤིགས།།

ང་ཡིས་ནང་ཁྲོལ་ལེན་པའི་ལྕགས་ཀྱུ་བརྡུངས།།

གངས་དཀར་ཨ་མས་གསོས་པའི་ནུ་རིན་ལ།།

སྲུང་སྐྱོབ་ཅི་ནུས་བྱས་ན་ག་འདྲ་འདུག།

ཁྱོད་ཀྱིས་དབྱངས་གསལ་ལུག་ཁྱུ་གྲོགས་ཚོམས་བཀྲམ།།

ང་ཡིས་བང་ཆེན་སོ་བཞིར་སྙིང་གཏམ་བསྐུར།།

སྦྲང་དཀར་རྩམ་པས་བསྐྱངས་པའི་གཏང་རག་ལ།།

བོད་ཡིག་རྒྱུན་སྤྱོད་གནང་ན་ག་འདྲ་འདུག།

ཁྱོད་ཀྱིས་ཕ་སྐད་གླིང་བུ་རི་ནས་འབུད།།

ང་ཡིས་སྨྱུག་རྩེའི་བྲོ་གར་ཀླུང་ནས་འཁྲབ།།

བླ་སྲོག་རྦབ་རྡོར་འགྲིལ་བའི་ལས་དབང་ལ།།

དངངས་འཚབ་ཅུང་ཟད་བྱས་ན་ག་འདྲ་འདུག།

ཁྱོད་ཀྱིས་ཆོས་གཞུང་རྒྱ་མཚོར་གྲུ་ཆུང་བཏང་།།

ང་ཡིས་ཤེས་བྱའི་ནམ་མཁར་འཕུར་ལྡིང་བྱས།།

ཡབ་མེས་སྲོག་དམར་བཏང་བའི་རིན་དོད་ལ།།

ཐོས་བསམ་གང་ཐུབ་བྱས་ན་ག་འདྲ་འདུག །

ཁྱོད་ཀྱིས་སྔར་སྲོལ་དབུགས་རྒྱུན་གོ་ཁར་མཐུད།།

ང་ཡིས་རང་ཚུགས་དར་ཤིང་ས་མཐར་བསྐྱོར།།

རང་ལུགས་རྡུང་ཁས་རྨས་པའི་འཚོ་སྟངས་ལ།།

ཐུགས་བསམ་ཅུང་ཙམ་བཞེས་ན་ག་འདྲ་འདུག།

ཁྱོད་ཀྱིས་ངུར་སྨྲིག་ན་བཟའ་འབྲལ་མེད་མནབས།།

ང་ཡིས་མེས་པོའི་ཆ་ལུགས་གང་ཐུབ་སྤྲས།།

ལུགས་ཟུང་མཁའ་མཐར་ཁྱབ་པའི་མངའ་ཐང་ལས།།

སེམས་ཤུགས་རུམ་གང་བླངས་ན་ག་འདྲ་འདུག།

ཁྱོད་ཀྱིས་ཞོར་ཟས་སྐོམ་ཆུར་ཁ་ཟོན་བྱས།།

ང་ཡིས་ཡིད་ཟས་གསུང་ཆོས་ཁ་འདོན་བྱས།།

དུས་མིན་བར་ཆད་ནག་པོའི་སྟ་རེ་ལ།།

གཟུར་ཐབས་ཡག་ཙམ་འཐེན་ན་ག་འདྲ་འདུག།

ཁྱོད་ཀྱིས་ཐད་གཏོང་སྨྱོན་པའི་གླིང་ག་སྤངས།།

ང་ཡིས་རོལ་རྩེད་སྐྱིད་འཕེལ་མིག་དགྲ་དོར།།

ལྷིང་འཇགས་ལྐུགས་པ་ཚང་གི་སྣང་ཚུལ་ལ།།

ངོ་ལོག་ཨེན་ཙམ་བརྒྱབ་ན་ག་འདྲ་འདུག།

ཁྱོད་ཀྱིས་བུ་ལ་བོད་པའི་གཟུངས་གཞུག་བླུགས།།

ང་ཡིས་བུ་མོར་བྱམས་བརྩེའི་ས་བོན་བཏབ།།

མཐོང་ཚད་འཛེམ་མེད་ཟ་བའི་ཧམ་སེམས་ལ།།

ཆོས་དབྱངས་ཏོག་ཙམ་དཀྲོལ་ན་ག་འདྲ་འདུག།

༼ ལུག་རྫི། ༽