国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བསོད་བདེ་བཙལ་བ།

གནའ་སྔ་མོར་སྤྱོད་འདོད་འགུལ་འཚེར་ཅན་གྱི་མི་ཞིག་ཡོད་པ་དེས་རྟག་ཏུ་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཡོད་པ་རྣམས་ལ་ནི་བསོད་བདེ་ཡོད་པས་རེད་ཟེར་བ་དང་།ནོར་མེད་དབུལ་པོ་རྣམས་ལ་ནི་བསོད་བདེ་མེད་པས་རེད་ཅེས་གོ་ཐོས་བྱུང་བས།ཁོའི་བསམ་པར་ང་རང་ཡང་བསོད་བདེ་ཞིག་འཚོལ་བར་ཕྱིན་ཏེ་རྙེད་ན་ཅི་མ་རུང་བསམས་ཏེ་བསོད་བདེ་འཚོལ་བར་ཕྱིན་པ་རེད།སོང་སོང་བ་ན་མི་ཞིག་ལ་ཐུག་ནས་ཁོས་བསོད་བདེ་ཞེས་པ་དེ་གང་ན་ཡོད་པ་དང་།གང་འདྲ་བྱས་ནས་རྙེད་ཐབས་བྱ་དགོས་པ།དེ་བཞིན་བསོད་བདེ་འཚོལ་བའི་དམིགས་ཡུལ་བཅས་གསལ་པོར་བཤད་པ་རེད།མི་དེ་ནི་གཞན་ལ་སེམས་ཁུར་བྱེད་པའི་མི་བཟང་པོ་ཞིག་ཡིན་སྟབས་བསོད་བདེ་ཞེས་པ་ནི་ང་ཡིན་ཞེས་ཟེར།ཁོས་སྐད་ཆ་དེ་ཐོས་འཕྲལ་སེམས་ལ་དགའ་ཚོར་བརྗོད་ཀྱིས་མི་ལང་པ་ཞིག་སྐྱེས་ནས་དེ་དང་གྲོགས་པོ་བྱ་རྒྱུའི་རེ་འདུན་བཏོན་པ་དང་མི་དེས་ཀྱང་དེ་ལྟར་དང་ལེན་བྱས།དེ་ནས་བཟུང་ཁོ་ཕྱིར་ལོག་ནས་བསོད་བདེ་དང་གྲོགས་པོ་བྱས་ཡོད་བསམས་ཏེ་བློ་བདེ་པོས་ཉིན་མཚན་ཀུན་ཏུ་ཉལ་ནས་སྡོད་ཀྱིན་ཡོད་སྟབས།ཁོ་ལ་རྒྱུ་ནོར་ཡོང་རྒྱུ་ཕར་བཞག་ཆུ་ཕོར་པ་གང་དང་རྩམ་པ་ཐུར་མ་གང་ཡང་ཡོང་གིན་མེད་པས་བཀྲེས་ལྟོགས་ཀྱིས་འཆི་ལ་ཉེ།དེ་ནས་ཁོ་རང་སླར་ཡང་བསོད་བདེ་འཚོལ་དུ་སོང་།ལམ་བར་དུ་གྲོགས་པོ་བསོད་བདེ་ལ་ཐུག་ནས་ཁོས་བསོད་བདེ་ལ།མི་རྣམས་ཀྱིས་བཤད་སྲོལ་ལ་ཁྱོད་ཡོད་ན་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཡོང་གི་རེད་ཅེས་ཤོད་ཀྱིན་འདུག།འོན་ཀྱང་ངེད་གཉིས་གྲོགས་པོར་གྱུར་ཀྱང་ང་ལ་རྒྱུ་ནོར་ཡོང་རྒྱུ་ཕར་བཞག་ཐ་ན་ཆུ་ཐིགས་པ་གཅིག་དང་རྩམ་པ་ཐུར་མ་གང་ཡང་མ་བྱུང་བས་ཏོག་ཙམ་མིན་ན་བཀྲེས་ལྟོགས་ཀྱིས་ཤི་གྲབས་བྱས་བྱུང་།ཁྱོད་ནི་དེ་འདྲའི་གྲོགས་པོ་ཐབས་སྡུག་ལ་ཞེས་བཤད་པ་རེད།དེ་ནས་བསོད་བདེས་བཤད་དོན།གྲོགས་པོ་ཁྱོད་ཀྱིས་བསམ་བློ་ཡག་པོ་ཐོངས་དང་།འཇིག་རྟེན་ཐོག་ཏུ་མིས་རང་ཉིད་ཀྱི་ལག་པའི་རྩོལ་བ་ལ་མ་བརྟེན་ནས་བསོད་བདེས་རང་བཞིན་དུ་གྲུབ་པའི་ཤ་མར་དང་རྩམ་པ།གྱོན་ཆས་སོགས་ཁྱེད་ཀྱིས་མཐོང་མྱོང་ངམ།དཔེར་ན་ཆུ་ཕོར་གང་ཡིན་རུང་ཆུ་འགྲམ་དུ་སོང་ནས་བླངས་རྗེས་ད་གཟོད་འཐུང་རྒྱུ་ཡོད་པ་ལས།བསོད་བདེ་ཡོད་ཟེར་ནས་འགུལ་སྐྱོད་རྩ་བ་ནས་མ་བྱས་པར་བསྡད་ན།ཆུ་རང་འགུལ་གྱིས་ཁ་ནང་དུ་འཛུལ་ཡོང་བ་ནི་མིག་གིས་མཐོང་རྒྱུ་ལྟ་ཅི་རྣ་བས་ཐོས་ཀྱང་མ་མྱོང་།དེ་ལྟར་ཡིན་མིན་གྲོགས་པོ་ཁྱེད་ཀྱིས་བསམ་བློ་ཐོངས་ཞེས་བཤད་པ་དང་།ཁྱེད་རང་དངོས་གནས་ཕྱུག་པོར་ཆགས་འདོད་ན་ད་ནས་བཟུང་འབད་བརྩོན་ཆེན་པོས་རང་གི་ངལ་རྩོལ་ལ་བརྟེན་ན་ད་གཟོད་ཕྱུག་པོར་ཆགས་ཐུབ་ཅེས་བཤད།ཁོས་བསམ་བློ་ཞིབ་མོར་བཏང་མཐར་གྲོགས་པོ་ཁྱེད་རང་ནི་དངོས་གནས་གྲོགས་པོ་ཡག་པོ་བསོད་བདེ་རང་རེད་འདུག། རྗེས་སུ་ངས་གྲོགས་པོ་ཁྱེད་ཀྱིས་གསུངས་པ་ལྟར་འབད་བརྩོན་ཆེན་པོས་ལག་པ་འགུལ་ཏེ་ཕྱུག་པོ་ཞིག་ཆགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

༼ ནོར་བུས་སྡུད་སྒྲིག་བྱས།༽