国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་དགེ་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་ཞིང་ལས་ཁྱད་ཆོས་ཐོན་རྫས་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་ བཤམ་སྟོན་འདུ་ཚོགས་སུ་བཤམས།

ཉེ་ཆར། དུས་ཡུན་ཉིན་ལྔ་རིང་གི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་བཤམ་སྟོན་འདུ་ཚོགས་སྐབས་སོ་གཉིས་པ་པེ་ཅིང་དུ་མཇུག་འགྲིལ་བ་རེད། གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི་རྒྱལ་སྤྱི་ཅན་གྱི་རིག་གནས་སྤེལ་རེས་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པའི་ངོས་ནས་བཤམ་ཚོགས་སུ་སྤུས་ལེགས་རིག་གནས་ཐོན་ཁུངས་དང་།རིག་འཆར་གྲུབ་འབྲས།ས་གནས་ཁྱད་ཆོས་ཐོན་ལས་ཐོན་རྫས་འབོར་ཆེན་གཅིག་ཏུ་བསྡུས་ཡོད།སྡེ་དགེ་རྫོང་གིས་བཤམ་ཚོགས་རྩེ་གྲའི་གོ་སྐབས་དམ་འཛིན་བྱས་ཏེ་ཞིང་ལས་ཁྱད་ཆོས་ཐོན་རྫས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ཐོན་རྫས་རབ་དང་རིམ་པ་པེ་ཅིང་དུ་བཤམས་པ་རེད།རིག་གནས་འབྲེལ་ཐག་དང་ཐོན་ལས་འདེགས་སྐྱོར་དུ་བྱས་ཏེ་གངས་ལྗོངས་སྡེ་དགེ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྩ་བ་ཟབ་མོ་ཕྱོགས་ཡོངས་ནས་མངོན་པ་དང་།དམངས་སྲོལ་གོམས་གཤིས་དང་སྐྱེ་ཁམས་ཐོན་རྫས་སྤུས་ལེགས་བཅས་ཕྱོགས་ཡོངས་ནས་བཤམས་པས་སྤུས་རྟགས་འོས་སྦྱོར་དང་དཔལ་འབྱོར་ཉོ་ཚོང་སྦྲེལ་མཐུད། ཐོན་རྫས་འགྲེམས་ཚོང་སོགས་ལས་དོན་ཁག་ལེགས་གྲུབ་བྱུང་ནས་རིག་གནས་སྤེལ་རེས་དང་ཐོན་ལས་ཁྱབ་སྤེལ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

བཤམ་ཚོགས་ཀྱི་ཡུལ་དངོས་ལ་སྡེ་དགེ་རྫོང་གི་ཁྱད་ཆོས་འགྲེམས་སྟེགས་སུ་ཐུན་མོང་མ་ཡིན་པའི་མཐོ་སྒང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་ཕྱིན་པ་དང་། སྡེ་དགེ་པར་ཁང་གི་དཔར་ཤིང་དང་ཀརྨ་སྒར་བྲིས་ཐང་ག། སྨན་ཤོད་རྫ་མ།སྨན་ཤོད་བལ་ཁུ་བསླས་འཐག་བཟོ་རྩལ་ཐོན་རྫས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་འཆར་བརྩམས་ཆོས་སྤུས་ལེགས་གཅིག་སྡུད་ཐོག་བཤམས་ཡོད། ཐུན་མོང་མ་ཡིན་པའི་ལག་རྩལ་ཐོན་རྫས་དེ་དག་ལས་སྡེ་དགེ་རྫོང་གི་ལོ་ངོ་སྟོང་གི་དམངས་སྲོལ་རིག་བརྒྱུད་འདུས་ཡོད། ཁམས་ཀྱི་རིག་གནས་ལྟེ་གནས་ཀྱི་གཏིང་ཟབ་པའི་རིག་གནས་ནང་དོན་དང་རྩེར་སོན་གྱི་སྲོལ་རྒྱུན་ལག་རྩལ་མངོན་པ་དང་ཆབས་ཅིག། ས་གནས་དེ་གའི་དྭངས་གཙང་མཐོ་སྒང་གི་སྐྱེ་ཁམས་ཐོན་ཁུངས་གསོ་སྐྱོང་ལ་བརྟེན་ནས་གདོད་མའི་སྐྱེ་ཁམས་མཐོ་སྒང་གི་ཞིང་ལས་ཁྱད་ཆོས་ཐོན་རྫས་མང་པོ་མཉམ་དུ་བཤམས་ནས་རིག་གནས་ཡུལ་སྐོར་ཟུང་འབྲེལ་དང་།ཁྱད་ཆོས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་པ་རེད།ད་ཐེངས་ཀྱི་བཤམ་ཚོགས་ནང་ཞུགས་པའི་འགྲེམས་རྫས་ཕྱིར་འཚོང་བྱེད་ཚད་བརྒྱ་ཆ60ལ་ཟིན་པ་དང་། ས་གནས་དེ་གའི་ཁྱད་ཆོས་ཐོན་རྫས་ཀྱི་ཕྱིར་འཚོང་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་ཕྱིན་ནས་དཀར་མཛེས་ཁུལ་གྱི་མཐོ་སྒང་སྤུས་ལེགས་ཐོན་རྫས་དག་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་བཤམས་པ་རེད།

ད་ཐེངས་བཤམ་ཚོགས་ནང་ཞུགས་པ་དེས་སྡེ་དགེ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་དང་མཐོ་སྒང་གི་ཁྱད་ཆོས་དངོས་ཐོན་ལ་རྒྱལ་ཡོངས་ས་གནས་ཁག་གི་ཚོང་པ་དང་ལྟད་མོ་བ་རྣམས་ཀྱིས་བསྔགས་བརྗོད་ཐོབ་པར་མ་ཟད། ས་གནས་དེ་གའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པ་དང་ལས་རིགས་ཀྱི་ལས་གཉེར་པར་སློབ་སྦྱོང་སྤེལ་རེས་ཀྱི་སྟེགས་བུ་རྩེ་གྲ་བསྐྲུན་པ་རེད། ཚང་མས་ལས་རིགས་ཞིབ་བསྡུར་དང་སྤུས་རྟགས་སྦྲེལ་མཐུད། མྱོང་རོལ་སྤེལ་རེས་སོགས་ཀྱི་བྱེད་སྒོར་ཧུག་ཐག་ཞུགས་པ་དང་། རང་འགུལ་ངང་གཟུགས་མེད་རིག་གནས་ཤུལ་བཞག་གི་གསོན་འགྱུར་དང་རིག་འཆར་གསར་གཏོད། སྤུས་རྟགས་གཉེར་སྐྱོང་བཅས་ཀྱི་སྔོན་ཐོན་འདུ་ཤེས་སློབ་སྦྱོང་བྱས་ཏེ། འཕེལ་རྒྱས་ཀྱི་མཐོང་རྒྱ་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྤེལ་རེས་བྱས་ནས་ས་གནས་དེ་གའི་གཟུགས་མེད་རིག་གནས་ཤུལ་བཞག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་ཁྱད་ཆོས་ཐོན་ལས་གཤོ་སྒྱུར་རིམ་སྤར་ཡོང་ཆེད་སྒུལ་ཤུགས་གསར་པ་བསགས་ཡོད།

མ་འོངས་པར་སྡེ་དགེ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་གི་གསོན་ཤུགས་བརྒྱུད་འཛིན་དང་གསར་གཏོད་འཕེལ་རྒྱས་བཏང་སྟེ། སྲོལ་རྒྱུན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་དང་མཐོ་སྒང་གི་ཁྱད་ཆོས་ཐོན་རྫས། རིག་གནས་ཡུལ་སྐོར་ཐོན་ལས། དེང་རབས་ཁྲོམ་ར་བཅས་ཟུང་དུ་སྦྲེལ་ཏེ། བཤམ་ཚོགས་ཀྱི་སྟེགས་བུ་རྩེ་གྲ་ལ་བརྟེན་ནས་སྡེ་དགེའི་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་ས་གནས་ཀྱི་ཁྱད་ཆོས་སྤུས་རྟགས་བཏོད་དེ། དེ་ལས་མང་བའི་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་གངས་ལྗོངས་ནས་ཐོན་པ་དང་རྒྱལ་ཡོངས་སུ་ཁྱབ་པར་བསྐུལ་ཏེ། རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཁྱད་ཆོས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)