国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས“བདུན་གཅིག”ཏང་འཛུགས་དུས་ཆེན་འཆར་ཉེར་ འཚམས་འདྲི་དང་ཆེད་དོན་ཏང་གི་སློབ་ཁྲིད་གནང་།

( པར་ངོས་དང་པོར་མཐུད།)འཚོ་སྐྱོང་དམའ་སྐྱོར་འགན་ལེན་དང་སྨན་བཅོས་རྒན་གསོ། འཚོ་བའི་རོགས་སྐྱོབ་སོགས་དྲོ་སྐྱིད་ལྡན་པའི་སྲིད་ཇུས་དག་གནད་འཁེལ་སྒོས་དོན་ལ་འཁྱོལ་བ་དང་། དཀའ་ངལ་དངོས་ཐག་བཅད་དེ་ཏང་མི་རྒན་གྲས་ཚེ་མཇུག་བདེ་ཞིང་སྐྱིད་པ་དང་།དཀའ་ངལ་ཡོད་པའི་ཏང་མིར་དྲོ་སྐྱིད་ཚོར་དུ་བཅུག་ནས་རྒྱ་ཆེ་བའི་ཏང་མིའི་གཏོགས་སེམས་དང་གཟི་བརྗིད་ཀྱི་བསམ་པ། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།

མདོ་གྲོང་ལྕགས་ལ་ཀོ་ར་སྤྱི་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་ཀྲའོ་པོ་ཡིས་ཡུལ་དངོས་སུ་འཛུགས་སྐྲུན་དང་ནུས་པ་དབྱེ་ཁུལ། རྒྱུན་གཏན་སྐྱེལ་འདྲེན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་དམངས་ཕན་ཞབས་ཞུ། ཏང་མིའི་སློབ་གསོ་དོ་དམ། འགལ་བ་རྩོད་གཞི་གྲལ་བཤེར་དང་སེལ་བ་སོགས་ཀྱི་ལས་དོན་སྤེལ་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། མིག་སྔའི་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན།ཁྱད་ཆོས་ལྡན་པའི་ལས་ཀའི་བྱ་ཐབས། ཞབས་ཞུ་ལས་ཀའི་ཕན་འབྲས་བཅས་འདྲི་རྩད་ཞིབ་ཚགས་གནང་བ་རེད།ཁོང་གིས་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ནི་གཞི་རིམ་ཏང་འཛུགས་སྐྱོང་གི་གཡུལ་ས་གཙོ་བོ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤེལ་ས་གཙོ་བོ་ཡིན་པས།ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་རྒྱུན་འཁྱོངས་ཏེ། ཏང་དང་མང་ཚོགས་ཀྱི་ཞབས་ཞུ་བྱེད་ས་སྟོབས་ཆེར་གཏོང་བ་དང་། བེད་སྤྱོད་ཡག་པོ་བྱས་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་བཅོས་སྐྱོང་གི་ཞན་ཆ་གསབ་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུའི་མཐའ་མའི་འགག་གནད་སྒྲོལ་བར་བྱ་དགོས།རིགས་ཁག་གི་བཅོས་སྐྱོང་ཐོན་ཁུངས་དང་ཞབས་ཞུའི་ཐོན་ཁུངས།ལས་ཀའི་སྟོབས་ཤུགས་བཅས་གཞི་རིམ་ལས་ཡུལ་དང་པོར་བསྐྱོད་པར་རྒྱུན་མཐུད་ངང་སྐུལ་བ་དང་། དམངས་འཚོའི་དཀའ་གནད་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་སེལ་བ།གཞི་རིམ་གྱི་འགལ་བ་དང་ཉེན་ཁ་རྩད་ཞིབ་དང་བཅོས་སྐྱོང་བཅས་བྱ་དགོས།གཞི་རིམ་བཅོས་སྐྱོང་ཞིབ་ཚགས་ཅན་དང་ཚན་རིག་ཅན།དེང་རབས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ།མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་གསོ་སློབ་སྦྱོང་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན། ཁོང་གིས་ཏང་གི་སློབ་ཚན་ནང་རང་རེའི་ཏང་གི་ལོ105ཡི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དེ་ཐོག་མཐའ་བར་གསུམ་དུ་འབད་འཐབ་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས།ཚང་མས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བློ་ལ་བབ་མིན་དེ་ལས་ཀའི་ཕན་འབྲས་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་འཛིན་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་སྲིད་འགན་ལག་རྗེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་དགོས། གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་མྱུར་སྒྲུབ་ལ་བརྩི་མཐོང་དང་། རང་འགུལ་ངང་བསམ་བློ་གཏོང་བ།བྱ་ཐབས་གསར་གཏོད་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དེ་མང་ཚོགས་ཀྱི་དངོས་ཡོད་ཡོང་འབབ་དང་གྲོང་སྡེའི་རྣམ་པའི་འགྱུར་ལྡོག་ལ་ཏན་ཏིག་འགྱུར་བ་བྱ་དགོས།ཏན་ཏན་ཏིག་ཏིག་གི་ཁྲོད་དུ་དངོས་སྒྲུབ་དང་།གྲོང་སྡེའི་ཡུལ་སྐོར་དང་ཁམས་གསོ་དམངས་སྡོད།ཁྱད་ལྡན་འདེབས་གསོ་སོགས་དགེ་མཚན་ལྡན་པའི་ཐོན་ལས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་།ཞིང་འབྲེལ་དང་ཞིང་ཁྲིད་ཀྱི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་སྐྱེད་གཏང་དགོས།དཀའ་གནད་སྒྲོལ་བའི་ཁྲོད་དཀའ་ངལ་ལ་མི་སྐྲག་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་འགག་གནད་དང་།དམངས་འཚོའི་དཀའ་གནད།ལས་ཀའི་དཀའ་གནད་བཅས་ལ་གནད་འཁེལ་སྒོས་དམིགས་པ།གནད་དོན་ལ་ཁ་གཏད་འཇལ་ཕོད་པ་དང་བཙན་སར་གཏུག་ཕོད་པ།ཤུགས་ཡོད་རྒུ་བཏོན་ནས་གཞི་རིམ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་བཅས་བྱ་དགོས།ཆོས་ཉིད་ལ་བརྩི་འཇོག་བྱེད་པའི་ཁྲོད་ཐབས་མཁས་ཇུས་མཁས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། དུད་ཚང་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ངོ་མ་འཐོབ་པར་བྱ་དགོས་ཞེས་བསྟན་པ་རེད།།

( བདེ་སྐྱིད་དང་བདེ་ཆེན་གྱིས་བསྒྱུར།)