སྤྱི་ཟླ6པའི་ཚེས29ཉིན། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དཀར་མཛེས་ཁུལ་དཔའ་མཛངས་རྟུལ་ཕོད་ངང་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞེས་པའི་ཏང་བཙུགས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་དོན་བྱེད་སྒོ་དར་མདོ་གྲོང་ཁྱེར་དུ་སྤེལ་བ་རེད། བྱེད་སྒོ་དེ་དྲན་གསོ་རྟགས་མ་སྤྲད་པ་དང་ཐུན་མོང་ཐོག་དམ་བཅའ་འཇོག་པ། སྙན་ངག་གྱེར་འདོན་སོགས་ཀྱི་རྣམ་པའི་ཐོག་ནས་འོད་སྟོང་འཕྲོ་བའི་ཏང་གི་ལོ་རྒྱུས་ལ་བསྐྱར་དྲན་དང་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཞབས་འདེགས་ཞུ་བའི་ལས་ཁུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།
བྱེད་སྒོར་ཏང་ལོ50ཡན་ལོན་པའི་ཏང་མི་རྒན་གྲས་ཀྱི་འཐུས་མི3ལ་ཏང་ནང་ཞུགས་ནས་ལོ50འཁོར་བའི་དྲན་གསོ་རྟགས་མ་སྤྲད་ནས་ཁོ་ཚོས་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་ལྷག་བསམ་རྣམ་དག་གིས་བརྟན་སྲུང་དང་སྒེར་སེམས་མེད་པ་ལེགས་སྐྱེས་ཕུལ་བར་གུས་འདུད་ཞུས་པ་རེད།
དེ་རྗེས་ཏང་མི་གསར་པ105ཡིས་ཏང་དར་ལ་ཕྱོགས་ནས་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་པ་དང་ཏང་མི་ཚོས་ཐུན་མོང་ཐོག་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་དྲན་བྱས་ནས་དུས་རབས་གསར་པའི་ཏང་མིའི་འགྱུར་མེད་དད་སེམས་དང་འགན་འཁྲི་འཁུར་སེམས་མངོན་པར་མཚོན་པ་རེད། གཙོ་དོན་སྙན་ངག་གྱེར་འདོན་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་དུས་གཅིག་ཏུ་སྤེལ་བ་དང་། རུ་ཁག12ཀྱི་བདམས་ཐོན་པ་ཚོས་བརྩེ་སེམས་ཀྱིས་ཁེངས་བཞིན་ཏང་གི་བྱས་རྗེས་རླབས་ཆེན་ལ་བསྟོད་གླུ་ཕུལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོས་གསར་བརྗེ་སློབ་གསོ་དང་ཏང་གཤིས་སྦྱོང་བརྡར་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་མི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྔར་ལས་འཕེལ་དུ་བཅུག། ཚང་མས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལམ་བུ་དང་རྒྱང་སྐྱོད་ཁྲོད་ཀྱི་སྙིང་སྟོབས་བརྒྱུད་འཛིན་བྱས་ཤིང་། དཔའ་ངར་ཆེར་བསྐྱེད་ཀྱིས་དཀར་མཛེས་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་རྒྱང་སྐྱོད་ལམ་བུ་གསར་པར་ཞུགས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་ལེའུ་གསར་པ་བརྩམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།། ( ཡེ་ཤེས་ཀྱིས་བསྒྱུར།)
