སྲིད་པའི་ནམ་མཁའ་འདི་ཉིད་མུ་མཐའ་བྲལ་ཀྱང་།།
འུ་གཉིས་འཕུར་སའི་ལམ་ཁ་དབེན་པོ་མ་རེད།།
དར་བབས་མེ་ཏོག་མཛེས་པོའི་བླ་གོས་མནབས་ནས།།
ཡིད་ཀྱི་གཞུང་ལ་བརྩེ་བའི་སྦྲེལ་ཐག་འཐེན་སོང་།།
ཟུར་མིག་ཡོམ་ཡོམ་གནང་བའི་ལས་ཀྱི་དགའ་ལོ།།
འདོད་པའི་ཆང་དཀར་སྒྲིག་པའི་བདག་གི་ཆང་མ།།
མ་བཅོས་འཛུམ་དཀར་གྲོལ་བའི་ཁེར་སྐྱེས་མི་མོ།།
སྐྱེ་བ་ཚེ་རབས་ཀུན་ཏུ་འབྲལ་བ་མེད་ཤོག །
རོལ་སྒེག་ཉམས་ཀྱིས་ཕལ་བར་རང་དབང་མ་བྱིན།།
ཚུལ་ཁྲིམས་དྲི་ངད་ཞིམ་པ་འཇའ་ལྟར་ཡལ་རུང་།།
སེམས་ཀྱི་གཏིང་ལ་འགྱོད་པ་ཏིལ་ཙམ་མེད་པར།།
འདེམ་པའི་གཞིས་ཀ་རང་ནུས་ཅི་ལྕོགས་བསྲུང་ཆོག །
འདྲེན་བྱེད་ཟུང་ལ་ཁྱོད་ཀྱི་མཛེས་པ་དཀྲིས་ཏེ།།
དམར་ཆུང་གཏམ་གྱི་སྙིང་པོ་ཡོངས་རྫོགས་གླེང་སྙམ།།
ཚོར་བའི་སྤང་ལ་བརྒྱུས་པའི་ངག་གི་ཟླ་བས།།
རིན་ཆེན་རྒྱུད་མངས་གཡར་བས་ཡག་ཐོག་ཡག་བརྩེགས།།
སྒྱུ་མའི་གར་སྟབས་གཡོ་སྒྱུའི་བསླུ་བྲིད་ཆེ་བས།།
ལན་རེ་དགའ་བར་འཇོག་པས་མི་སེམས་དྲོ་ཡོང་།།
ལན་རེ་སྐྱོ་བར་བཏང་ནས་སྨེང་གཞས་མོད་པས།།
དགའ་སྐྱོའི་འཕྲང་ལམ་དོག་མོ་བཟློག་རྒྱུ་དཀའ་འདུག །
རི་བོའི་ཐོད་ལ་བབས་པའི་ཁ་བ་དཀར་པོས།།
མ་བཅོས་བརྩེ་བའི་དུང་ཞེན་ཟབ་མོ་མཚོན་པས།།
ཕར་མཐོང་གངས་ཀྱི་གཟི་འོད་མིག་ལ་མཛའ་བ།།
ཁྲེལ་གཞུང་ཕྱི་ཐག་རིང་བའི་སྙིང་སྡུག་ཡག་པས།།
སྙན་ཚིག་དིང་གླིང་ཕྲ་མོའི་སྒོ་འཕར་ཕྱེས་ཏེ།།
ནང་སེམས་ཚོར་བའི་བཟི་ཁ་ཡང་ཡང་ཕབ་དུས།།
དྲན་གདུང་འཚོ་བའི་ངོགས་ཀྱི་རི་དྭགས་ཁེར་བུར།།
ཞེ་འདང་འོ་མའི་ཇ་འདི་འབུལ་རྒྱུ་བྱུང་བས།།
འབྲལ་མེད་བརྩེ་སེམས་བརྟན་པའི་དམ་ཚིག་གཙང་མ།།
ལྷད་མེད་སྤང་གཞུང་མཛེས་པའི་ཐང་ལ་བཞུར་ཡོད།།
དེ་ཡི་འདབས་ན་ཆགས་པའི་འབྲོག་པའི་མཚེར་སར།།
འུ་གཉིས་རྨི་ལམ་ཡང་སྐྱིད་རྨི་ས་ཡིན་སྐད།།
ཞི་བའི་མལ་ན་གནས་པའི་སྒོམ་ཆེན་མ་ཐུབ།།
འ་འུར་འདུ་འཛིའི་གསེབ་ཀྱི་ཚོང་ཆེན་ཅི་སྨྲ།།
གང་ཡང་ངེས་གཏན་མེད་པའི་ལམ་འཕྲང་བརྒལ་ཞོར།།
ལོ་ཟླའི་ཕྱི་མིག་ངོས་སུ་ཁྱོད་རང་བྲིས་ཡོད།།
ལས་ཀྱི་ལམ་ཁར་བུད་དེ་མུ་ནས་སྐྱོད་དུས།།
ཉེ་བའི་ཚོགས་ཀྱིས་མི་སྙན་གཏམ་ངག་བརྡོལ་ཀྱང་།།
རང་རང་གཏན་གྱི་འདུན་མ་སེམས་སུ་བཅངས་ནས།།
དོག་པའི་རི་ལམ་བརྒལ་རྒྱུར་འཛེམ་བག་མེད་དོ།།
གཟུགས་བཟང་ལྷ་མོའི་ཞལ་རས་མཐོང་བ་མེད་ཀྱང་།།
ཁྱོད་ཀྱི་ལང་ཚོ་དར་བབས་སེམས་ལ་ཐོགས་སོང་།།
ཡུལ་གྱིས་བསྐལ་བ་རྒྱང་རིང་ཕྱོགས་ཕྱོགས་གནས་ཀྱང་།།
མི་འགྱུར་མནའ་ཚིག་བཞག་པས་བློ་སེམས་བདེ་ཆོག །
༼ ཁམས་ཟླ་སྲས། ༽
