ཉིན་མོར་འདབ་ཆགས་དགའ་བའི་ལས་ལ་བྲེལ།།
འོད་ཟེར་མདངས་རྒྱས་ཉི་མའི་སྣང་བར་རོལ།།
མཚན་གུང་བྱ་ཚོགས་དག་ཀྱང་ཚང་དུ་ཡིབ།།
མུན་པའི་འཇིག་རྟེན་ཚེས་པས་ཅི་ཞིག་མཚོན།།
དབྱར་གསུམ་པད་ཚལ་རྒྱས་པ་ལྷ་ཡི་ཚལ།།
མཛེས་ལྡན་ཁྲ་ཆུང་མིག་གི་དབང་པོ་སྤུད།།
སྐད་ཅིག་ཙམ་གྱིས་སྟོན་རླུང་རྒོད་པོ་དེས།།
འདབ་མ་དག་ཀྱང་བྱེ་མའི་རྡུལ་བཞིན་སྤུར།།
གཟུགས་མཛེས་ལྟ་ན་སྡུག་པའི་ལང་ཚོ་དང་།།
འཆོར་སྒེག་མངོན་པར་བཀྲ་བའི་ཉམས་འགྱུར་དག །
རིམ་གྱིས་རྒུད་ཅིང་ནམ་ཞིག་རང་སར་དེངས།།
འདིས་ཀྱང་མི་རྟག་ཆོས་ཉིད་བཤད་པ་འདྲ།།
གངས་དཀར་ལྷུན་པོའི་མདངས་ལ་འགྱུར་ལྡོག་གདའ།།
མཐོངས་ཡངས་ནམ་མཁའི་ངོས་སུ་རྒྱུ་བའི་འོད།།
ཉི་ཟླ་གཉིས་ལ་རྟག་བརྟན་མེད་པ་འདིས།།
གནས་ལུགས་འདི་ནི་སྔ་ནས་བཤད་པ་འདྲ།།
ཕྲ་བའིི་མི་རྟག་མིག་གིས་མ་མཐོང་ཡང་།།
རགས་པའི་ཆོས་ཉིད་འདི་ལ་བསམ་གཞིག་ཐོངས།།
རེ་དོགས་སྣང་བའི་མདུད་པ་མ་དམ་རོགས།།
འཇིག་རྟེན་འཁོར་བ་ཟེར་བ་འདི་ལྟར་ལགས།།
ལན་རེ་དགའ་ཞིང་ཐེངས་རེ་སྐྱོ་བ་ཡང་།།
སྲིད་པའི་ཆོས་ཉིད་ཅིག་ལས་མ་འདས་པས།།
མིག་ཆུ་མང་རབས་དེ་ཙམ་མ་བཤད་དང་།།
རེ་བའི་འོད་སྣང་དལ་གྱིས་འབྱུང་བར་ངེས།།
དགའ་སྐྱོ་མང་བ་ཕལ་བའི་གཤིས་ལུགས་རེད།།
རེ་དོགས་མོད་པོ་འུ་ཚོའི་གྲུབ་དོན་རེད།།
འཁོར་བ་ཟེར་ན་ཉོན་མོངས་དུག་གསུམ་རེད།།
ང་ཅག་འཁོར་བའི་ཆགས་སྡང་བསག་མཁན་རེད།།
ན་ནིང་བཞུར་བའི་གཙང་པོ་གང་དུ་མཆིས།།
ད་ལོར་གནས་པའི་གངས་རི་འགྱུར་པའི་ཆོས།།
འགྱུར་ལྡོག་མེད་པའི་ཐེར་ཟུག་གང་ན་གདའ།།
འདི་ལྟར་བཤད་ན་ཁྱོད་ཀྱིས་རྟོགས་སམ་ལགས།།
ཨོ་ལེ་བསམ་གཞིག་ཐོངས་དང་ཉེ་བའི་མི།།
ཕལ་བའི་མི་ལ་ཕལ་བའི་གཤིས་ཀྱང་ཡོད།།
ཕལ་བའི་འཚོ་བ་རང་གིས་འཚོལ་དགོས་དུས།།
དེ་ཙམ་ཨུ་ཚུགས་གནང་ན་དགོས་དོན་ཆུང་།།
གཟུགས་ནི་ཐམས་ཅད་དབུ་བ་རྡོས་པ་ལྟར།།
དོན་གྱི་སྙིང་པོ་དབེན་པ་འདི་ལྟར་ལགས།།
སྣ་ཚོགས་ཚོར་བ་ཆུ་ཡི་ཆུ་བུར་མཚུངས།།
འདིར་ཡང་བསམ་གཞིག་ནན་གྱིས་གཏང་བར་ཞུ།།
འཁོར་བ་རྨི་ལམ་འཁྲུལ་བའི་སྣང་ཚུལ་ཙམ།།
འདི་སྣང་སྒྱུ་མའི་ཟློས་གར་རྗེས་སུ་མཐུན།།
དེ་བས་ང་ཡི་ཉེ་བོ་འདིར་གཟིགས་དང་།།
དམ་ཆོས་གླེགས་བམ་ཁྲོད་ན་དེ་ལྟར་གསལ།།
སེམས་ཀྱི་ངལ་དུབ་སེམས་ཀྱིས་གསོ་དགོས་རེད།།
ལུས་ཀྱི་དཀའ་སྡུག་རང་གིས་བསལ་དགོས་རེད།།
རང་ཉིད་རང་ལ་གཅེས་ན་བྱམས་སེམས་ཡིན།།
རང་མགོ་རང་ཐོན་བྱས་པ་ཤེས་རབ་ཡིན།།
༼ རྫ་ཤུལ་བློ་བཟང་། ༽
