国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀ་མད་སྦྱར་བའི་དུང་བརྗོད་མུ་ཏིག་མ།

ཀྭ་ཡེ་གསོན་དང་ཡིད་འོང་ལྷ་ཡི་སྲས།།

ཁ་སྒོ་སྐྱེ་འབྲས་མཚར་བའི་བུ་མོ་ལགས།།

གངས་ལ་ཟླ་འོད་ཕོག་པའི་མཛེས་པ་ཅན།།

ངག་དབང་ལྷ་མོ་འདྲ་ཁྱོད་དུང་བའི་ཡུལ།།

ཅ་ནོར་རྒྱུ་རྫས་སྟོང་གི་མི་ཁུག་པའི།།

ཆ་རྫོགས་ཉ་གང་ཟླ་བའི་ཞལ་ལྡན་མ།།

ཇ་ཡུན་ཙམ་གྱི་མི་ཡུལ་ཁམས་འདི་ནས།།

ཉ་ཀྱུས་འཛིན་འདྲར་སེམས་པ་ཁྱོད་ཀྱིས་འཕྲོག།

ཏ་ཀིའི་ན་ཟུག་སློང་བའི་ན་ཆུང་མ།།

ཐ་སྙད་སྟོང་ཕྲག་མང་པོའི་བརྗོད་བྱ་དང་།།

ད་ལྟ་ཕོ་སྐྱེས་སྟོང་གི་སེམས་རྟེན་ཡིན།།

ན་ཆུང་ཁྱོད་ཀྱི་ལང་ཚོ་མེ་ན་ཀཱ།

པ་ཅར་མཛེས་དགུའི་ཆས་སྤྲས་ལུས་ཕྲ་མ།།

ཕ་རོལ་ཡིད་སེམས་འཕྲོག་པའི་གཞི་མ་སྟེ།།

བ་དན་རླུང་གིས་བསྐྱོད་འདྲའི་མི་སེམས་དག།

མ་ལུས་བསླུ་བའི་ཕོ་ཉ་སྒེག་ལྡན་མ།།

ཙན་དན་འདྲ་བའི་ལུས་ཀྱི་ལྗོན་པ་ཡིས།།

ཚངས་སྲས་ལྷ་མོ་འགྲན་པའི་འཇོ་སྒེག་ཅན།།

མཛངས་ལྡན་ཡིད་འཕྲོག་ཁྱོད་ཀྱི་སྐུ་ལུས་ལ།།

ཝ་ལེར་ཆགས་ལྡན་སྐྱེ་བོའི་གདུང་བ་ལྕི།།

ཞེན་ཆགས་གདུང་བའི་མནར་བའི་མི་དག་གིས།།

ཟ་འཐུང་འགྲོ་འདུག་བར་ནས་ཁྱོད་ལ་འཁྲེང་།།

འ་འུར་སྐྱེ་འཆིའི་བར་གྱི་མགྲོན་པོ་དག།

ཡ་མཚན་ཤི་ཡང་ཞེན་ཆགས་ལྷག་ན་ཐང་།།

རས་གོས་སྲབ་འཇམ་ཡང་བའི་གྱོན་པའི་འོག།

ལག་པའི་སོར་མོའི་ཁྲི་ཤིང་ལྡེམ་ལྡེམ་ངང་།།

ཤ་མདངས་དཀར་དམར་སྒྱུ་མའི་མེ་ཏོག་དེས།།

ས་སྟེང་སོ་སྐྱེས་སྟོང་གི་རྣམ་ཤེས་འཕྲོག།

ཧ་ཅང་མཛེས་སྡུག་སྟོང་གིས་ཕྱུག་པའི་ཁྱོད།།

ཨ་ཙི་ཕོ་གཞོན་སྟོང་གི་སེམས་པ་ཤོར།།

ཧ་ལམ་འགྲན་གྱི་ཟླ་བོ་དབེན་པའི་ཁྱོད།།

ཨ་མའི་བུ་མོ་སྟོང་གི་གཙུག་ན་མཛེས།།

༼ རྡོ་རྗེ་ཐར་ལམ། ༽