国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་དང་སྙན་ ངག་གི་མཛེས་པ།

སྙན་ངག་མུན་པའི་ཀློང་ན་འཛུམ་པའི་སྒྲོན་མེ་རྐང་གཅིག།

སྙན་ངག་དབྱར་གྱི་སྤང་ལ་བཞད་པའི་ཡིད་འོང་མེ་ཏོག།

སྙན་ངག་ཆུ་དང་ཆར་པས་བརླན་པའི་པད་མའི་འཁྲི་ཤིང་།།

སྙན་ངག་ནམ་མཁའི་དབུས་ན་བསྐྱོད་པའི་ཟླ་བ་ལྷ་མོ།།

སྙན་ངག་ཤོག་དཀར་ཐང་ན་རྩེན་པའི་ཡིག་འབྲུ་ནག་པོ།།

སྙན་ངག་མཛུབ་མོའི་རྩེ་ན་འཁོར་བའི་ས་སྨྱུག་དཀར་པོ།།

སྙན་ངག་མིག་གི་མཐའ་ན་བཀྲ་བའི་འོད་ཀྱི་ཕུང་པོ།།

སྙན་ངག་ནམ་མཁའི་སྤྲིན་ལས་བབས་པའི་སྦྲང་ཆར་སིལ་མ།།

སྙན་ངག་བླ་མའི་གསུང་ལས་བྱོན་པའི་ལེགས་བཤད་གཙང་མ།།

སྙན་ངག་རྒན་གྱི་གསུང་ལས་མཆེད་པའི་ཤེས་བྱའི་ཟེགས་མ།།

སྙན་ངག་ཕ་མའི་གསུང་ལས་ཐོར་བའི་གདམས་ངག་ཟབ་མོ།།

སྙན་ངག་ཕུ་ནུའི་གསུང་ལས་བྱུང་བའི་རེ་བའི་འོད་ཟེར།།

སྙན་ངག་དཔྱིད་ཀྱི་ཁུད་ན་གཟིམ་པའི་དཔྱིད་དཔལ་བུ་མོ།།

སྙན་ངག་དབྱར་གྱི་སྤྲིན་ལ་བསྐུངས་པའི་དབྱར་སྐྱེས་རྔ་གསང་།།

སྙན་ངག་སྟོན་གྱི་རླུང་བུར་འགྲོགས་པའི་ཁ་བའི་འདབ་མ།།

སྙན་ངག་དགུན་གྱི་ཙག་ལ་འཐིམ་པའི་དགུན་ཁའི་རྨོག་དཀར།།

སྙན་ངག་ཨ་མའི་ཕྱག་ལ་ཐོགས་པའི་ཕྲེང་བ་དཀར་པོ།།

སྙན་ངག་ཨ་ཕའི་གསུང་ན་འཁོར་བའི་བསླབ་བྱ་དག་མ།།

སྙན་ངག་ཕུ་བོའི་ངག་ལ་གྱེར་པའི་གླུ་དབྱངས་སྙན་མོ།།

སྙན་ངག་ནུ་མོའི་རྒྱབ་ལ་འཕྱང་བའི་དཔེ་ཁུག་ཆུང་ཆུང་།།

སྙན་ངག་མཁས་པའི་རིག་རྩལ་འགྲན་བྱེད་ཤེས་བྱའི་ནམ་མཁའ།།

སྙན་ངག་བུ་མོའི་མཛེས་རྒྱན་སྤྲས་བྱེད་གསེར་དངུལ་གཡུ་གསུམ།།

སྙན་ངག་དཔའ་བོའི་རྩལ་རབ་ངོམ་བྱེད་མདའ་གྲི་མདོང་གསུམ།།

སྙན་ངག་གྲོགས་པོའི་བརྩེ་བ་མཚོན་བྱེད་གསེར་གྱི་མེ་ཏོག།

༼ སྨྱུག་ཞེན། ༽