国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་བ་གསོལ་ བའི་མེ་ཏོག།

འཁོར་འདས་རྣམ་རྟོག་འགྱུ་སའི་མེ་ལོང་དུ།།

རྒྱ་སེའི་མེ་ཏོག་མཛའ་བརྩེའི་ཚུལ་གྱིས་འཛུམ།།

དེ་ཡང་ཞེན་ཆགས་དུངས་པའི་རྙི་རུ་ལྷུང་།།

རྟོག་ཚོགས་འགྱུ་བ་འགག་སའི་གཡུལ་ས་ཡིན།།

ངས་ནི་གནག་སྣུམ་སྐྲ་ལོ་རལ་གྲིར་བྱིན།།

འཁོར་བའི་རྣམ་རྟོག་གཙང་པོའི་ཆུ་ལ་སྐུར།།

རྒྱ་སེའི་མེ་ཏོག་མི་མངོན་དབྱིངས་སུ་སྤུར།།

མཛའ་བའི་འཕྲིན་པ་དམར་པོ་མེ་ལ་སྦར།།

ཕ་ཡུལ་རི་སྡེ་ན་བུན་གསེབ་ཏུ་བསྐྱུར།།

དབུ་དཀར་མ་ལོ་ཕ་ཁྱིམ་འཁྲིས་སུ་བཞག།

ན་གཞོན་ང་དང་གནམ་མཐའི་སྤྲིན་པ་གཉིས།།

ལས་ཀྱི་དབང་གིས་མུ་མེད་རྒྱང་རིང་འཕུར།།

འདི་ན་དགོང་ཁའི་ཉི་ཟེར་ལམ་ལམ་འཕྲོ།།

བྱེའུ་ཆུང་འཇོལ་མོ་ཤིང་ལོའི་པང་ལ་བསྙེགས།།

དལ་གྱིས་ལམ་སྒྲོན་ཚོགས་ཀྱང་གཉིད་དུ་ཡུར།།

ལྷིང་འཇགས་དབེན་པའི་མཚན་མོ་བག་རེ་ཕེབས།།

མཚར་སྡུག་ཡིད་འཛིན་བུ་མོའི་དུངས་སེམས་ཀྱིས།།

ཁྲེལ་ཡོད་གཞུང་བཟང་བུ་ཡི་སྙིང་ག་རུ།།

བརྩེ་བའི་འདབ་བརྒྱ་གྲོལ་བའི་ལོ་ཟླ་ཡང་།།

ངས་ནི་མཐའ་མེད་རྒྱ་མཚོའི་གཏིང་ལ་སྐུར།།

མི་ཡུལ་རྣམ་ཤེས་ཟུང་གི་སྐྱིད་སྡུག་ཀྱང་།།

ངས་ནི་མཆོག་གསུམ་ལྷ་ལ་ཕུལ་བ་སྟེ།།

ཁོ་བོ་ལས་སྐལ་མེད་པའི་འཚོ་ཚིས་ཀྱིས།།

མིག་ཟུང་མཆི་མ་མ་བཀུ་བརྩེ་ལྡན་ཚོགས།།

བརྩེ་བའི་མཆི་མ་ལྷུང་བའི་ཟུར་མིག་ལ།།

དྲིས་པའི་ཨ་ལན་སུ་ཡིས་མི་བཤད་དེ།།

མ་ཚིམ་སེམས་ཀྱི་འགྱུ་བ་ཕྲ་མོའི་ནང་།།

བརྩེ་བའི་བརྡ་གླུ་ཅི་ཙམ་ལྷག་ཡོད་དམ།།

༼ ཚུལ་མཁས། ༽