གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་གཉིས་པར་ཁུལ་ཡོངས་ཀྱིས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཤིང་ཤུགས་བརྒྱབ་སྟེ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་རེད། མ་དངུལ་འཇོག་གྲངས་རྒྱུན་མཐུད་ངང་ཇེ་མང་དུ་སོང་བ་དང་། འཛད་སྤྱོད་ཚོང་ར་བརྟན་པོའི་ངང་རྒྱ་བསྐྱེད་པ། བཟོ་ལས་དཔལ་འབྱོར་བསྐྱར་དུ་ཅུང་འཕར་ཡོད།
གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་མང་བ། སྤྱི་ཟླ་དང་པོ་ནས་ལྔ་པའི་བར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ན་ལོའི་དུས་མཉམ་ལས་བརྒྱ་ཆ17.8འཕར་ནས་ཞིང་ཆེན་ཡོངས་ཀྱི་མདུན་དུ་སླེབས། སྤྱི་ཟླ་ལྔ་པར་བརྒྱ་ཆ10.7འཕར་ཡོད། ཐོན་ལས་དང་པོར་མ་དངུལ་འཇོག་གྲངས་འཕར་སྣོན་མགྱོགས་པོར་བྱུང་སྟེ་བརྒྱ་ཆ64.2འཕར་བ་དང་། ཐོན་ལས་གཉིས་པར་མ་དངུལ་འཇོག་གྲངས་བརྟན་པོའི་ངང་འཕར་ཏེ་བརྒྱ་ཆ9.8ཡིན། ཐོན་ལས་གསུམ་པར་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་ཏེ་བརྒྱ་ཆ24.2འཕར་ཡོད།
འཛད་སྤྱོད་ཁྲོམ་རའི་སྤུས་ཚད་དང་ཤོང་ཚད་ཆེ་རུ་སོང་། སྤྱི་ཟླ་དང་པོ་ནས་ལྔ་པའི་བར་ཁུལ་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར59.61བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ7.0འཕར་ནས་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སླེབས། སྤྱི་ཟླ་ལྔ་པར་བརྒྱ་ཆ5.2འཕར་ཡོད། བཅད་གྲངས་ཡན་གྱི་སིལ་འཚོང་ལས་རིགས་ཀྱིས་དམངས་འཚོར་མཁོ་ངེས་ལ་བརྟེན་ནས་བརྒྱ་ཆ22.0འཕར་བ་དང་། སྡེབ་འཚོང་ལས་རིགས་ཀྱི་སིལ་འཚོང་དངུལ་འབོར་ཆེས་ཆེར་ཆག་ནས་མགྲོན་ཁང་དང་བཟའ་བཏུང་ལས་རིགས་ལ་གནོན་ཤུགས་ཐེབས་ཤིང་འཁོར་སྐྱོད་ཡག་པོ་མེད།
གཞི་ཁྱོན་ཡན་གྱི་བཟོ་ལས་ཆུང་གྲས་བསྐྱར་འཕར་བྱུང་ཡོད། སྤྱི་ཟླ་དང་པོ་ནས་ལྔ་པའི་བར་ཁུལ་ཡོངས་ཀྱི་བཟོ་ལས་རིན་ཐང་འཕར་མ་ན་ལོའི་དུས་མཉམ་ལས་བརྒྱ་ཆ3.0འཕར་བ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.9བསྐྱར་དུ་འཕར་བ་དང་། སྤྱི་ཟླ་ལྔ་པར་བརྒྱ་ཆ9.9འཕར་བ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས25བསྐྱར་དུ་འཕར་ཡོད། གཏེར་འདོན་ལས་རིགས་དང་བཟོ་སྐྲུན་ལས་རིགས་གོང་དུ་འཕེལ་ཚུལ་ལེགས་སུ་ཕྱིན་ཞིང་། སོ་སོར་བརྒྱ་ཆ84.9དང་བརྒྱ་ཆ35.4འཕར་ཡོད། བཟོ་ལས་བསྡོམས་འབོར་གྱི་བརྒྱ་ཆ80.8ལ་ཟིན་པའི་ནུས་ཁུངས་གཙང་མའི་ཐོན་ལས་བརྒྱ་ཆ4.8ཆག་པས་གཏན་འབེབས་བཟོ་ལས་སྤྱི་ཡོངས་ཀྱི་འཕར་ཚད་ལ་ཤུགས་རྐྱེན་ཐེབས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
