国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་གྱིས་གསར་བརྗེའི་གཞི་རྒྱུ་བརྒྱུད་འཛིན་དང་སྦག་མེད་དར་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱས།

11170_02B_20260706འབྲོག་ལས་དང་འོད་ཤུགས་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ།

དཀར་མཛེས་ཁུལ་འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་གྱིས་གསར་བརྗེའི་ཐོན་ཁུངས་འདོན་སྤེལ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས། དམར་དམག་རྒྱང་སྐྱོད་ཁྲོད་བཞག་པའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་སྣ་མང་ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱས་ཏེ། གསར་བརྗེ་རྒྱུན་འཛིན་དང་ཡུལ་སྡེ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པ་རེད།

1936ལོར། དམར་དམག་འབུམ་ཤོག་གཉིས་པ་རྫོང་རྩ་གྲོང་རྡལ་རིང་སྟོད་གྲོང་ཚོར་བཅའ་སྡོད་བྱས་ཤིང་། དམར་དམག་གིས་སྒྲིག་ཁྲིམས་ནན་སྲུང་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཤུགས་ཡོད་རྒུས་དམར་དམག་ལ་རོགས་སྐྱོར་བྱས་པ་རེད།དམར་དམག་གི་ཐམ་ག་སོགས་གསར་བརྗེའི་དྲན་རྟེན་དངོས་པོ་དག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་ཡིད་རྟོན་དངོས་པོ་དམར་པོ་ཞིག་ཏུ་གྱུར་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ས་གནས་དེ་གའི་མང་ཚོགས་ཀྱི་སེམས་སུ་བརྟན་པོ་ཟུག་ཡོད།

གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་རྫོང་རྩ་གྲོང་རྡལ་གྱིས་ཤུགས་ཡོད་དགུས་ལྗང་མདོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་། སྤང་ལམ་གྲོང་ཚོས་མཐོ་སྒང་གི་ཁམ་བུ་ཐོན་ལས་གླིང་བསྐྲུན་པ་དང་།སྲོ་ལོ་དམར་པོ་འདེབས་འཛུགས་བྱས་པ་སོགས“ཡུལ་མིས་མ་རྐང་འཇོག་པ་དང་རྩོལ་བསྟུན་ཐོབ་ལེན”གྱི་རྣམ་པར་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཏེ། ཐོན་ལས་གླིང་གི་ལོ་རེའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་ཁྲི1500ལ་ཟིན་པས། ཡུལ་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར3800ཡན་ལོན་ཡོད། ས་གནས་དེ་གས་འོད་ཤུགས་རྣམ་གྲངས་ཆེ་གྲས་ལག་ལེན་བསྟར་ཏེ“འབྲོག་ལས་དང་འོད་ཤུགས་མཉམ་འདྲེས”ཀྱི་རྣམ་པ་ཁྱབ་གདལ་བཏང་ནས་ལས་མི་སུམ་སྟོང་ལྷག་ལ་ངལ་ལས་ཡོང་འབབ་སྒོར་ཁྲི300ལས་བརྒལ་བ་དང་། ས་ཞིང་འཁོར་རྒྱུག་གིས་ཞིང་དུད་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ནས3བར་འཕར་ནས་ཕ་ཡུལ་དུ་ལོག་པའི་མང་ཚོགས་ལ་རང་ཡུལ་ནས་ལས་ཞུགས་བརྟན་པོ་དང་འབབ་འཕར་ཕྱུག་འགྱུར་བྱུང་།

ས་གནས་དེ་གས་ད་དུང་རྒྱ་གྲོ་དང་། འབྲི་གཡག། བོད་ཕག། སྦྲང་རྩི་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་གཞི་ཁྱོན་ཅན་འཕེལ་རྒྱས་བཏང་ནས་ཡུལ་མིའི་འབབ་འཕར་ཐབས་ལམ་རྒྱ་བསྐྱེད་བཏང་བ་དང་། དམར་དམག་གི་ཤུལ་རྙིང་དང་མུའུ་སྟོང་གི་ཁམ་བུའི་ཐོན་ཁུངས་སྔོག་འདོན་བྱས་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་རིག་གནས་ཡུལ་སྐོར་ལམ་ཐིག་བཏོད་དེ་ཞིང་ལས་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

གོམ་སྟབས་རྗེས་མར་རྫོང་རྩ་གྲོང་རྡལ་གྱིས་མུ་མཐུད་དེ་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ཏེ་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་རིམ་སྤོར་བྱ་བ་དང་། ནུས་ཁུངས་གཙང་མའི་ཐོན་ལས་སྟོབས་ཆེར་གཏང་བ། ཡུལ་སྡེ་དར་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་བཏང་ནས་གསར་བརྗེའི་ཐོན་ཁུངས་དེ་ཕུགས་ཕན་དམངས་ཕྱུག་གི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བར་བསྐུལ་རྒྱུ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར། )