ཉེ་ཆར། སི་ཁྲོན་ཞིང་ཆེན་ཚོང་དོན་ཐིང་གིས་ཡོངས་བསྒྲགས་བྱས་པའི2026ལོ་འཁོར་གྱི“སྐྱིད་པའི་སི་ཁྲོན”འཛད་སྤྱོད་རྣམ་པ་གསར་པར་རྒྱབ་སྐྱོར་འཆར་གཞིའི་རྣམ་གྲངས་ཀྱི་མིང་ཐོ40ནང་དཀར་མཛེས་ཁུལ་དུང་དཀར་ལུང་པའི་གངས་འཁྱགས་ཆུ་ཚན་དང་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་འཛད་སྤྱོད་རྣམ་པ་གསར་པ་ཚུད་ཡོད། དེས་རང་ཁུལ་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་པ་རེད།
རྣམ་གྲངས་དེ་ནི་དུང་དཀར་ལུང་པའིAལྔ་རིམ་པའི་ལྗོངས་ཁུལ་གྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་དུང་དཀར་ལུང་པའི་མ་འཇོག་ཚོགས་པས་སྤྱི་འདོམས་འཆར་འགོད་བྱས་ནས་བཏོད་པ་ཞིག་ཡིན། རྣམ་གྲངས་ཀྱིས་སྣ་མང་འཛད་སྤྱོད་ལས་རྣམ་ཕུན་སུམ་ཚོགས་པོར་བཏང་བ་དང་། རྒྱུན་རྣམ་ཅན་གྱིས་གངས་འཁྱགས་རྩལ་འགྲན་དང་རི་ཁུལ་སྤྲོ་གསེང་སོགས་ཀྱི་ཁྱད་ལྡན་འགྲན་བསྡུར་སྤེལ་ནས་དུས་བཞིར་རིག་གནས་ཡུལ་སྐོར་གྱི་མི་སེམས་བཀུག་པ་དང་། ཁྱད་ལྡན་རིག་འཆར་དང་། མཐོ་སྒང་ཤ་མོའི་རིགས། བོད་ཁུལ་གྱི་ཁྱད་ཆོས་ཞིང་ལས་ཐོན་རྫས་བཅས་གསར་གཏོད་བྱས་པ་དང་། ཆུ་ཚན་མགྲོན་ཁང་རྩེ་གྲ་དང་། རི་ཐང་གནས་ཚང་། ཁྱད་ལྡན་བཟའ་བཏུང་། ཕྱི་རོལ་སྤྲོ་གསེང་སོགས་ལེ་ལག་ཚང་བའི་ལས་རྣམ་བཀོད་སྒྲིག་བྱས་ཏེ་འཁྱགས་ཀླུང་ལྟ་སྐོར་དང་། མི་རིགས་རིག་གནས་མྱོང་རོལ། དུས་བཞིར་ལུས་གསོ་སྤྲོ་གསེང་བཅས་གཞི་གཅིག་མཉམ་འདུས་རྣམ་པའི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གཞི་རྟེན་བསྐྲུན་ཡོད།
ལས་གཉེར་བྱས་པ་ནས་བཟུང་རྣམ་གྲངས་དེས་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་གང་ལེགས་ཐོན་པ་དང་དཀར་མཛེས་ཁུལ་གྱི་གངས་འཁྱགས་ཆུ་ཚན་མགྲོན་ཁང་གི་འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་བཏང་སྟེ། རིག་གནས་ཡུལ་སྐོར་དང་། བཟའ་བཏུང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་སོགས་འབྲེལ་ཡོད་ཐོན་ལས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་དང་། ས་གནས་དེ་གའི་མང་ཚོགས་ལ་ཐག་ཉེ་ས་ནས་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཏེ་ཁུལ་ཡོངས་ཀྱི་གངས་འཁྱགས་དཔལ་འབྱོར་དང་དམངས་ཕྱུག་ཡུལ་སྐོར་དར་རྒྱས་ཀྱི་མིག་དཔེ་ལྟ་སར་གྱུར་ཡོད།
ད་ཐེངས་བདམས་ཐོན་བྱུང་བ་དེས་དཀར་མཛེས་ཁུལ་གྱི་གངས་འཁྱགས་ཆུ་ཚན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་འཐོབ་རྒྱུ་དང་། ཕྱིན་ཆད། དཀར་མཛེས་ཁུལ་གྱིས་མུ་མཐུད་དེ་དུང་དཀར་ལུང་པའི་ཁྱད་ལྡན་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁུལ་ཡོངས་ཀྱི་མཐོ་སྒང་སྐྱེ་ཁམས་དང་། མི་རིགས་རིག་གནས། རི་ཁུལ་གྱི་ཕྱི་རོལ་ཁྱད་ལྡན་ཐོན་ཁུངས་བཅས་སྔོག་འདོན་གཏིང་ཟབ་བྱ་རྒྱུ་དང་།ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཛད་སྤྱོད་རྣམ་པ་གསར་པ་དེ་བས་མང་པོ་སྐྱེད་སྲིང་བྱས་ཏེ་འཛད་སྤྱོད་རིམ་སྤོར་ལ་བརྟེན་ནས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་རྒྱུ་རེད།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)
