国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྕང་མའི་ལན་བུ།

རྒྱང་བཞུད་ལྷོ་མཐའི་སྐར་མ་འོད་ཆེན།།

སྟོན་མཇུག་ལོ་མ་རླུང་གིས་སྤུར་ཡང་།།

སྐྱོ་ཚུལ་མ་སྟོན་ནུབ་རིའི་ཕག་ལ།།

ལས་ཀྱི་ཆུ་བོ་འཁྱག་གིས་མ་བསྡམ།།

ཉི་འོད་ཁུར་བའི་བྱ་ཁྱུའི་བསྟར་ཕྲེང་།།

ཟླ་བ་སོང་བའི་ཤུལ་ལ་ལྷག་ཀྱང་།།

ཆུ་བོའི་འགྲམ་གྱི་རྩི་ཏོག་རྩེ་མོར།།

སྨུག་པ་འཁྱིལ་བ་སེམས་ཀྱི་ན་བུན།།

ཡིད་ཀྱི་མཁའ་ན་ཕུང་ཕུང་གཡོ་བའི།།

ཞེན་ཆགས་སྤྲིན་དཀར་ལྷགས་པས་ཁྱེར་ན།།

གཙང་བའི་ཁུད་དུ་ཟད་པའི་འདབ་མར།།

ཟླ་བའི་ལག་པས་བྱིལ་བྱིལ་ཨེ་གནང་།།

རླུང་གིས་འདར་བའི་ལྕང་མའི་ལན་བུ།།

ཟླ་བ་ལྷུང་བའི་ཆུ་རིས་ལྟེབས་ནས།།

ཁ་བའི་འདབ་མར་ཞེན་ཆགས་བྱུང་ན།།

དབང་གཞིའི་རི་མོས་དགུན་གཞུང་དྲན་ཡོང་།།

ཚིག་གིས་བསྒུལ་བའི་མི་སེམས་དུམ་བུ།།

དབྱངས་ཀྱིས་བསླས་པའི་མགྲིན་པས་བཏེགས་ན།།

ནགས་མའི་ཀླུང་ན་ལྷང་ལྷང་གྲགས་པའི།།

ཁུ་བྱུག་ཚོགས་ཀྱི་གསུང་སྐད་ཨེ་འགག།

རི་ལ་གཤར་བའི་འབྲོང་གི་ཁྱུ་ཚོགས།།

སེམས་ཀྱི་རི་སུལ་ཐད་ཀྱིས་བཅད་ཀྱང་།།

རླུང་ལ་ཞོན་པའི་རྒྱང་གི་ཞེན་ཆགས།།

ཁོ་བོའི་ཡིད་ལ་ལྷོད་ཀྱིས་སིམ་པ།།

སྤྲིན་པར་དཔྱངས་པའི་ཟླ་བ་སྒོར་སྒོར།།

སྙིང་འཕྲོག་ཁྱོད་ཀྱི་ཞལ་རས་ཨེ་ཡིན།།

བསེར་བུས་བདས་པའི་གྱང་ཁའི་འཇག་མས།།

ཉི་ཟླའི་འགྲོས་ལ་འཁྱུད་མོ་བརྒྱབ་སོང་།།

ལྷོ་འུར་འཁྱུད་པའི་རི་བོའི་གཤོང་ན།།

ལྕོག་ལྕོག་ལྡེམ་པའི་མེ་ཏོག་ཚལ་ན།།

ཤག་ཤག་བབས་པའི་གཙང་པོའི་ཁུད་ན།།

ཟགས་པའི་ལོ་མས་སྨེང་སྐྱོ་ཁུར་སོང་།།

༼ པུར་རྒྱལ་བ། ༽