国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྗེས་དྲན་དང་ སེམས་ཚོར།

སེམས་འགྱུ་འཕྲོ་རྒོད་པོ་གློག་བཞིན་འཁྱུགས།།

ལུས་དམར་སེར་གོས་ཀྱིས་བཀླུབས་ཀྱང་འཆོལ།།

ངག་ཆོས་སྤྱོད་འདོན་བཞིན་ངག་འཆལ་བསྲེས།།

མིག་འདིར་སྣང་ཕྱི་རོལ་གཟུགས་ལ་ཆགས།།

ལས་ཉོན་མོངས་འཁོར་བའི་བཙོན་ར་ནང་།།

ང་འདྲ་བ་སྲིད་པའི་འཁོར་རྡེའུ་བཞིན།།

འཁོར་འཁོར་ནས་འཁོར་བའི་གྲོང་ནས་ལྷག །

རྗེ་བླ་མས་གཟིགས་མཛོད་ཐུགས་རྗེ་ཅན།།

ཞལ་བརྩེ་བས་སྐྱོངས་དང་བཀའ་དྲིན་ཅན།།

བདག་འདྲ་བ་འཁོར་བས་བསླུས་པའི་མི།།

མགོན་ཁྱེད་ཀྱིས་མི་གཟིགས་སུ་ཡིས་གཟིགས།།

མགོའི་སྐྲ་ལོ་བཅད་ཀྱང་ཉོན་མོངས་ལྷག །

གོས་ཕུ་ཐུང་གཡུགས་མོད་བདག་འཛིན་ལུས།།

ལུས་དགེ་འདུན་འདུས་པའི་དབུས་གྲལ་ནས། །

སེམས་འཁྲུལ་རྟོག་བཙན་པོ་གཞན་ཡུལ་འགྲིམས།།

བདག་ཟེར་བ་འཁོར་བའི་གཡོག་ཏུ་ཚུད།།

ངས་རང་སེམས་མཐོང་ན་འཇིགས་ཤིང་སྐྲག །

ཚེ་ཕྱི་མར་བསམ་ན་དངངས་ཤིང་འཚེར།།

མིག་མཆུ་མར་འཁྲིགས་ཀྱང་ཅི་ཞིག་ཕན།།

ཡིད་གདུང་བས་མནར་ཀྱང་སུ་ཡིས་སྐྱོབ།།

རྗེ་ཁྱེད་རང་འབོད་ལས་ཐབས་མ་མཆིས།།

མགོན་ཁྱེད་ཀྱིས་བརྩེ་བས་ཡང་ཡང་གཟིགས།།

སྒྲ་སྙན་མོས་རྣ་བའི་དབང་པོ་ཕྲོགས།།

དྲི་ཞིམ་པོས་དྲི་འཛིན་ཤེས་པ་བསླུས།།

རོ་ཡག་པོས་སྣང་བ་གཞན་དུ་བསྒྱུར།།

བདུད་འདོད་ལྷའི་མེ་ཏོག་མདའ་ལྔ་པོ།།

འདིའི་སྒྱུ་འཕྲུལ་ཐབས་ཀྱིས་བསླུ་ཚུལ་མཁས།།

ས་ཆེན་པོ་འདི་ཡང་ཡོམ་ཡོམ་བསྒུལ།།

ཡིད་ཏིང་འཛིན་ཞི་བའི་གདངས་ཀྱང་བརྐུས།།

དེས་ཤེས་རབ་སྣང་བ་མུན་པས་བསྒྲིབས།།

སེམས་སྙི་མོ་བཙན་གྱིས་ཁ་ལོ་བསྒྱུར།།

གནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་རེད།།

ང་འཁོར་བའི་ཐབ་གཡོག་ཨ་ཁ་མ།།

སྡུག་བཙོན་ལས་ཐར་འདོད་ཆེ་ན་ཡང་།།

གཅིག་སྣང་བ་གཞན་གྱིས་དབང་དུ་ཤོར།།

གཉིས་ལས་ཉོན་བག་ཆགས་ཆེ་བས་ལན།།

འདིར་འཁོར་བའི་གཡང་ས་ཆེན་པོ་རུ།།

བདག་དམུས་ལོང་འཁྱམ་པ་སྙིང་རེ་རྗེ།།

ཉམ་ང་བའི་སེམས་ཅན་ང་ཅག་ལ།།

ཞལ་འཛུམ་གྱིས་གཟིགས་དང་བརྩེ་བའི་གཉེན།།

ཡེ་གདོད་མའི་ཆོས་སྐུའི་རྒྱལ་ས་ཟིན།།

ནང་བསླབ་གསུམ་རིན་ཆེན་ནོར་གྱི་མཛོད།།

ཕྱི་རྒྱལ་བ་དགྱེས་པའི་རྣམ་སྤྲུལ་དངོས།།

མ་འགྲོ་བར་བྱམས་པའི་མཛའ་བཤེས་ཏེ།།

ཆོས་འོད་གསལ་བསྟན་པའི་མངའ་བདག་གོ །

མགོན་ཁྱེད་ཀྱི་འཕྲིན་ལས་དཀར་པོ་ཡིས།།

ཕྱོགས་ཀུན་ཏུ་གྲགས་པའི་སྙན་པ་འབར།།

དོན་རྣམ་དཀར་ཐར་བའི་ལམ་སྟོན་པ།།

གུས་སློབ་མའི་དད་བརྒྱའི་སྤྱི་བོ་རུ།།

གསུང་སྙན་པ་དང་བཅས་འབྱོན་པར་ཞུ།།

རྗེ་ཁྱེད་ལ་འབོད་ན་བསླུ་མེད་ཡིན།།

བུ་གདུང་བས་མནར་བ་འདི་ལྟར་ལགས།།

ཐུགས་མ་ལྷོད་ཞི་བའི་གུར་ཁང་ནང་།།

ཞལ་འཛུམ་མདངས་མངོན་དང་བླ་མ་ལགས།།

གཞི་འོད་གསལ་ཆོས་ཀྱི་ཉིང་ཁུ་ཡང་།།

དོན་བདེ་ལེགས་སྩོལ་དང་བྱིན་རླབས་ཅན།།

ངས་རང་སེམས་མགུར་མའི་གཤིས་ལ་བསྟིམས།།

དབྱངས་སྙན་པོ་མེད་ཀྱང་འབྲི་ལེ་གདའ།།

དོན་ཟབ་མོ་དབེན་ཡང་བརྗོད་ཁུལ་བྱས།།

ནང་སེམས་ཀྱི་གདུང་བ་མཚོན་ཐབས་སུ།།

ཕྱི་སྣང་བའི་བཀོད་པ་དཔེ་རུ་དྲངས།།

ཚིག་གཙང་ཆུ་དྭངས་མོའི་ཡོན་ཆབ་བཤམས།།

མགུར་སྙན་མོ་དབྱངས་སུ་བརྒྱུས་པ་འདིས།།

དཔལ་ཆོས་ཀྱི་རྗེ་བོ་འགྲོ་བའི་མགོན།།

ཡབ་བླ་མའི་དྲུང་དུ་དམིགས་ནས་འབུལ།།

༼ རྫ་ཤུལ་བློ་བཟང་། ༽